གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་རྒྱ་ནག་གིས་བོད་ནང་དམ་དྲག་ཆེ་རུ་གཏོང་བཞིན་འདུག

2023.03.08
གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་རྒྱ་ནག་གིས་བོད་ནང་དམ་དྲག་ཆེ་རུ་གཏོང་བཞིན་འདུག ལྷ་སར་རྒྱ་ནག་གི་ཉེན་རྟོག་པས་ཞིབ་བཤེར་བྱེད་བཞིན་པ། ༼ཟླ་ཚེས་མི་གསལ
Chinese State Media

བོད་ནང་ཕྱི་ལོ་༡༩༥༩ལོ་ནས་བཟུང་། རྒྱ་ནག་གི་བཙན་འཛུལ་ལ་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་ཆེ་ཤོས་མང་པོ་ཞིག་ཕྱི་ཟླ་གསུམ་པའི་ནང་ཐོན་ཡོད་སྟབས། རྒྱ་ནག་གཞུང་གིས་ཟླ་བ་འདི་ནི་རྣོ་ངར་ཅན་གྱི་ཟླ་བར་ངོས་འཛིན་བྱེད་བཞིན་ཡོད་ལ། ལོ་ལྟར་ཟླ་བ་འདིའི་ནང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་སྲོལ་ཡོད་པ་ལྟར། འདི་ལོ་ཡང་བོད་ཀྱི་རྒྱལ་ས་ལྷ་ས་སོགས་ས་ཁུལ་མང་པོའི་ཞིབ་གཤེར་གྱི་ལས་དོན་སྤེལ་ཤུགས་རྣོ་རུ་བཏང་བ་དང་། ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་བ་སོགས་ཕྱོགས་ཡོངས་ནས་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

ba39b212-a350-4a7a-ac44-04649ac91ff5.JPG
འདི་ལོ་རྒྱལ་ས་ལྷ་སར་མཚོན་ན། ལྷ་ས་གྲོང་ཁྱེར་གྱི་སྤྱི་བདེ་ཉེན་རྟོག་ཚན་པ་ནས་གཅིག་གྱུར་ངང་བཀོད་འདོམས་བྱས་ཏེ། ཟླ་༢ཚེས་༢༥ཉིན་ནས་བཟུང་ས་ཁོངས་སྟངས་འཛིན་གཞིར་བཟུང་ཞིབ་བཤེར་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་ནང་མང་ཚོགས་འདུ་འཛོམས་བྱ་ཡུལ་དང་མགྲོན་ཁང་། ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ། ཚོང་ལས་གཉེར་ཡུལ་ལ་སོགས་པའི་ས་ཆ་ཁག་ཏུ་ཁྱོན་མི་ཁྲི་ལྔ་ལྷག་ཙམ་དང་། ཚོང་ལས་གཉེར་ཡུལ་དང་ཁང་གླ་གཏོང་ཡུལ་ཁང་མིག་ཁྲི་གཉིས་ལྷག་ཙམ། བཤེར་མིག་འཕྲུལ་རིག་(QR Code)་བརྒྱུད་ལག་འཁྱེར་༢༠༠༠ལྷག་ཙམ་བཤེར་བ་སོགས་མང་ཚོགས་ཁྲོད་ཞིབ་བཤེར་ནན་པོ་བྱས་ཡོད་པ་ལྷ་སའི་སྤྱི་བདེ་ཚན་པའི་དྲ་ངོས་ཐོག་གནས་ཚུལ་སྤེལ་འདུག་ལ། བོད་ནང་ནས་མིང་འབོད་གནང་འདོད་མེད་པའི་བོད་མི་ཁག་ཅིག་གིས་ཞིབ་བཤེར་དེ་རིགས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་བརྗོད་ཀྱི་འདུག
དེ་བཞིན་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཟླ་བ་གསུམ་པ་འདི་དམར་ཤོག་གཞུང་གི་སྲིད་ཇུས་དྲིལ་བསྒྲགས་དང་། ཁྲིམས་ལུགས་དང་སྒྲིལ་སྲོལ་ཁག་སློབ་གསོ་བྱ་རྒྱུའི་ཟླ་བར་ངོས་འཛིན་གྱིས་འགོ་ཁྲིད་ལས་བྱེད་མང་ཚོགས་ཁྲོད་བསྐྱོད་ནས་མང་ཚོགས་ལ་ཆབ་སྲིད་སློབ་གསོའི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་འདུག་ལ། ལྷ་སའི་ནང་གི་ཞིབ་བཤེར་ས་ཚིགས་ཁག་དང་མང་ཚོགས་འདུ་འཛོམས་མང་སར་ཉིན་མཚན་ཀུན་ཏུ་ལག་འཁྱེར་ཞིབ་བཤེར་དང་འདྲི་རྩད་འདྲ་མིན་བྱེད་བཞིན་ཡོད་པ་ལྷ་ས་སྤྱི་བདེ་ཚན་པའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག

7f1f1834-c888-45fe-9eb5-cffeb973feda.JPG
ལྷ་སའི་སྤྱི་བདེ་ཉེན་རྟོག་ཚན་པའི་དྲ་ཚིགས་ཐོག་ཟླ་བ་གསུམ་པའི་ལས་དོན་གྱི་དམིགས་ཡུལ་གཙོ་བོ་ཁག་ཅིག་གསལ་བཏོན་བྱས་ཡོད་པའི་ཁོངས་སུ། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་དང་ཁ་བྲལ་རིང་ལུགས་པར་འཐབ་རྩོད་བྱ་རྒྱུ་འདི་ལས་འགན་གལ་འགངས་ཆེ་ཤོས་གྲས་སུ་ངོས་འཛིན་བྱས་འདུག
ཡང་ཚེས་༦ཉིན་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་སྟོད་ལུང་བདེ་ཆེན་རྫོང་དུ་བརྟན་ལྷིང་སྲུང་སྐྱོབ་ཀྱི་བཀོད་འདོམས་ལས་ཁུངས་ཞེས་པ་ཞིག་གསར་བཙུགས་ཀྱི་སྒོ་བྱང་བཀལ་བའི་མཛད་སྒོ་ཞིག་ཚོགས་འདུག་པ་དེའི་ཐོག ལས་ཁུངས་གསར་པ་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་ཐད་གོམ་པ་གསར་པ་ཞིག་དང་སྤྱི་ཚོགས་བཅོས་སྒྲིག་ཀྱི་ལས་དོན་ཐད་གལ་ཆེའི་ཚན་པ་ཞིག་ཡིན་པ་གཞུང་ཕྱོགས་ནས་འགྲེལ་བརྗོད་བྱས་འདུག
དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱི་དྲྭ་རྒྱ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། ཟླ་བ་གསུམ་པ་འདིའི་ནང་རྒྱལ་ས་ལྷ་སའི་ནང་སྤེལ་བའི་ཞིབ་བཤེར་དང་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་དེ་རིགས་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཀྱི་ནག་ཆུ། ཆབ་མདོ། ལྷོ་ཁ། གཞིས་རྩེ་སོགས་ས་ཁུལ་ནང་ལ་ཡང་གཅིག་མཚུངས་ཀྱིས་སྤེལ་བཞིན་ཡོད་འདུག


གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎