རྒྱ་ནག་གི་ཉེན་རྟོག་པས་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་སྐོར།
2008.12.03
༄༅༎རྒྱ་ནག་གི་ཉེན་རྟོག་ལས་བྱེད་མི་སྣ་བརྒྱ་ཕྲག་འགའ་ཤས་ཀྱིས་དེ་རིང་རྒྱ་ནག་ཧུའུ་ནན་ཞིང་ཆེན་གྱི་གྲོང་ཁྱེར་ལའེ་ཡཱང་ནང་ཡོད་པའི་ས་གནས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་རེད།
དེ་ཡང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ལས་ཁང་ནས་བརྗོད་དོན་ལྟར་ན་རྒྱ་ནག་གི་ཉེན་རྟོག་ལས་བྱེད་མི་སྣའི་ཟླ་རེའི་གླ་ཕོགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་རྒྱུའི་ཆེད་དུ་རྒྱ་ནག་ཧུའུ་ནན་ཞིང་ཆེན་གྱི་ལའེ་ཡཱང་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ས་གནས་གཞུང་གི་མདུན་དུ་ཁ་ས་རེས་གཟའ་མིག་དམར་ཉིན་ས་གནས་ཉེན་རྟོག་མི་སྣས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དང་ལས་འགུལ་དེའི་བརྒྱུད་རིམ་ནང་རྐུབ་སྐྱག་ལ་སོགས་པའི་ཅ་དངོས་བཅག་ཅོར་བྱས་ཡོད་པ་མ་ཟད་གཞུང་འབྲེལ་ལས་ཁུངས་དེའི་ལས་བྱེད་འགའ་ཤས་ཐོག་ལ་རྨས་སྐྱོན་ཡང་ཕོག་ཡོད་ཀྱང་ཉེན་རྟོག་མི་སྣ་ཚོས་ས་གནས་གཞུང་འབྲེལ་ལས་ཁུངས་དེའི་འགོ་ཁྲིད་མ་ཡོང་བར་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད་ཅེས་གོང་ཞུས་ཚན་པས་བརྗོད་འདུག ཡང་གོང་ཞུས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གིས་མུ་མཐུད་གསལ་སྟོན་གནང་བར་གཞིགས་ན་ད་རེས་ས་གནས་ཉེན་རྟོག་མི་སྣས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ནི་ཕྱི་ལོ་༡༩༧༠ལོ་འམ་རིག་གནས་གསར་རྗེ་ཆེན་པོའི་རྗེས་ཉེན་རྟོག་པས་རྒྱ་ནག་གཞུང་ལ་དེ་ལྟ་བུའི་ངོ་རྒོལ་ལས་འགུལ་སྤེལ་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག ད་རེས་ཀྱི་གནད་དོན་དེའི་ཐོག་རྒྱ་ནག་གཞུང་ཕྱོགས་ནས་འགྲེལ་བརྗོད་བྱེད་ཡས་ལ་འཛམ་གླིང་ནང་དཔལ་འབྱོར་གྱི་གནས་སྟངས་ཇེ་ཞན་དུ་ཕྱིན་པར་བརྟེན་ན་ལས་བྱེད་མི་སྣ་ཚོའི་ཐོབ་ཐང་ཐོག་ངོ་རྒོལ་གྱི་ལས་འགུལ་དེ་འདྲ་སྤེལ་སྲིད་པ་རེད་ཅེས་བརྗོད་པ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་གསལ་སྟོན་བྱས་མེད་པ་རེད།