ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ།
2009.11.07
༄༅༎ཨ་མི་རི་ཀའི་གཞུང་གི་སྐུ་ཚབ་ཅིག་བྱང་ཀོ་རི་ཡར་གཏང་རྒྱུའི་འཆར་གཞི་ཡོད་ཀྱང་བྱང་ཀོ་རི་ཡའི་ངོས་ནས་རྡུལ་ཕྲན་མཚོན་ཆའི་ལས་གཞི་ཡོངས་རྫོགས་དོན་དངོས་མཚམས་འཇོག་བྱ་རྒྱུ་ཡིན་པའི་སྔོན་བརྡ་གསལ་པོ་ཞིག་དགོས་གལ་ཆེ་བ་ཡིན་སྐོར་ཨ་རིའི་གཞུང་གིས་གཟའ་པ་སངས་ཉིན་དགོས་འདུན་བཏོན་འདུག
བར་སྐབས་ཤིག་ནས་བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་དབར་ཐད་ཀར་འབྲེལ་ལམ་དགོས་རྒྱུར་སྣོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ཞིང་དཔེར་ན་གཟའ་འཁོར་འདིའི་ནང་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུར་མཁོ་བའི་པུལོ་ཊོ་ནིཡམ་འཕར་མ་བཟོ་བསྐྲུན་བྱས་ཡོད་ལུགས་དྲིལ་བསྒྲགས་བྱས་ཡོད་པ་རེད།
ཨ་མི་རི་ཀའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་ཤར་ཨེ་ཤེ་ཡའི་ལས་དོན་སྡེ་ཚན་གྱི་འགན་འཛིན་བགྲེས་སྐུ་ཞབས་ཇེཕ་སྦེ་ཌར་གྱིས་བྱང་ཀོ་རི་ཡའི་ངོས་ནས་རང་ཉིད་ཀྱི་རྡུལ་ཕྲན་མཚོན་ཆའི་ལས་གཞི་མཚམས་འཇོག་འབྱུང་ཐབས་ལ་དམིགས་པའི་རྒྱལ་ཁབ་དྲུག་གི་གྲོས་མོལ་ནང་ཕྱིར་ལོག་བྱ་རྒྱུར་ཁས་ལེན་གཙང་མ་ཞིག་དགོས་ཅིང་གལ་ཏེ་དེ་ལྟར་བྱུང་ཚེ་ང་ཚོས་བྱང་ཀོ་རི་ཡའི་རྒྱལ་ས་པོཡོང་ཡེང་ངམ་དེ་མིན་གྱི་ས་གནས་ཤིག་ཏུ་ཐད་ཀར་ཐུག་འཕྲད་བྱ་རྒྱུར་དཀའ་ངལ་གང་ཡང་མཐོང་གི་མིན་འདུག་ཅེས་གསུངས་འདུག
ལྷོ་ཀོ་རི་ཡའི་གསར་ཤོག་ཧང་ཀྱོ་རེཧ་དང་ཉི་ཧོང་གི་གསར་ཤོག་ཡོ་མིའུ་རི་ཤིམ་བུམ་གྱི་ནང་མིང་འབོད་མ་བྱས་པའི་གནས་ཚུལ་འབྱུང་ཁུངས་ཤིག་ནས་གནས་ཚུལ་མཁོ་སྤྲོད་བྱུང་ལུགས་ཀྱི་གསར་འགྱུར་ཞིག་བཀོད་པ་དེའི་ནང་ཨ་མི་རི་ཀའི་བྱང་ཀོ་རི་ཡའི་ཐད་ཀྱི་དམིགས་བསལ་སྐུ་ཚབ་སི་ཊི་ཕེན་སྦོ་སི་ལྦོཐ་ཕྱི་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་བྱང་ཀོ་རི་ཡར་ཕེབས་རྒྱུར་མོས་མཐུན་བྱུང་ལུགས་བརྗོད་ཡོད་པ་རེད། འོན་ཀྱང་སྐུ་ཞབས་སྦེ་ཌར་གྱིས་འདི་ལྟ་བུའི་ཐག་གཅོད་བྱུང་བའི་གནས་ཚུལ་གང་ཡང་མེད་པ་གསུངས་འདུག
ད་དུང་ཁོང་གིས་ཨ་མི་རི་ཀའི་ངོས་ནས་བྱང་ཀོ་རི་ཡ་དང་ཐད་ཀར་འབྲེལ་བ་ཞིག་བྱེད་ཚེ་དེ་ནི་རྒྱལ་ཁབ་དྲུག་གི་གྲོས་མོལ་བསྒྲོམ་གཞི་ཁོ་ནའི་ཐོག་ནས་ཡོང་དགོས་པ་ནན་བརྗོད་གནང་འདུག།