ཡུལ་ཤུལ་གྱི་དཀའ་ངལ་སེལ་ཟིན་པའི་རྣམ་པ།
2012.12.14
༄༅། །དེང་སང་ས་གནས་རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོའི་མི་དམངས་ཀྱི་སྡོད་གུར་སྔོན་པོ་ཐབས་ཤེས་འདྲ་མིན་གྱིས་གཞུང་བཞེས་བཏང་སྟེ། ཕྱི་རོལ་ལ་ས་འགུལ་གོད་ཆགས་འོག་ཏུ་གནས་པའི་མི་དམངས་ཀྱི་དཀའ་ངལ་སེལ་ཚར་པའི་རྣམ་པ་ཞིག་བཏོན་ཐབས་བྱེད་བཞིན་ཡོད་སྐོར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་མཁན་ཞིག་གིས་ང་ཚོ་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
དེ་ཡང་གནས་ཚུལ་མཁོ་སྤྲོད་པས་གསུངས་ཡག་ལ། མི་དམངས་ཀྱི་སྡོད་གུར་སྔོན་པོ་དེའི་ཐོག་ལ་རྒྱ་ཡིག་གིས་min zheng jiu zai ཞེས་འཁོད་འདུག་ལ། བོད་ཡིིག་ཐོག་སྒྱུར་བ་ཡིན་ན། དམངས་སྲིད་རོགས་སྐྱོབ་ཟེར་བཞིན་འདུག གུར་དེ་ཚོ་ནི། དེ་སྔོན་སྐྱེ་རྒུ་མདོར་ས་འགུལ་གོད་ཆག་བྱུང་རྗེས་རྒྱ་ནག་གཞུང་གི་དམངས་སྲིད་ལྷན་ཁང་གིས་ས་གནས་མི་དམངས་རྣམས་ལ་ལྟ་རྟོགས་ཀྱི་ཚུལ་ཏུ་སྤྲད་བཞག་པའི་འཕྲལ་སྲེལ་གྱི་སྡོད་ཁང་ཡིན་འདུག ད་ཆར་གོད་ཆགས་བྱུང་ནས་ལོ་གསུམ་འགྲོ་རྗེས་རྒྱ་ནག་གཞུང་གིིས་མི་དམངས་ཀྱི་ སྡོད་ཁང་གི་དཀའ་ངལ་ཡོངས་རྫོགས་སེལ་དགོས་པའི་འཆར་གཞི་ལྟར་སྡོད་ཁང་ཆ་ཚང་གྲ་སྒྲིག་མེད་ཀྱང་། གུར་སྔོན་པོའི་ནང་སྡོད་མཁན་མི་དམངས་རྣམས་ལ་དྲག་རྡུང་སྤེལ་བ་དང་། ཡང་ན་མི་དམངས་ཁག་ཅིག་ལ་སྒོར་མོ་སྤྲད་པ་སོགས་བྱས་སྟེ། གུར་སྔོན་པོ་གཞུང་བཞེས་ཀྱིས་མེར་བསྲེགས་ནས་རྩ་མེད་བཟོ་ཐབས་བྱེད་འདུག དེ་འདྲ་བྱེད་དགོས་དོན་ནི། ས་གནས་རྒྱ་ནག་གཞུང་གིས་གོང་རིམ་གྱི་འགོ་ཁྲིད་དམ། ཕྱི་རོལ་ལ་ཡུལ་ཤུལ་མི་དམངས་ཀྱི་དཀའ་ངལ་ནི་འཆར་གཞི་ལྟར་སེལ་ཚར་བ་ཡིན་ཞེས་ རྩིས་ལན་གནང་ཐབས་རེད་འདུག་ཅེས་གསུངས་སོང་།།