ས་ཆ་གཞུང་བཞེས་བཏང་བར་གུན་གསབ་མ་སྤྲད་པར་བརྟེན་བོད་མི་ཁག་ཅིག་གིས་ངོ་རྒོལ་བྱས་འདུག

2021.11.15
ས་ཆ་གཞུང་བཞེས་བཏང་བར་གུན་གསབ་མ་སྤྲད་པར་བརྟེན་བོད་མི་ཁག་ཅིག་གིས་ངོ་རྒོལ་བྱས་འདུག སྐྱེ་རྒུ་མདོ་སྡོམ་མདའ་ཡུལ་ཚོའི་ཕྱོགས་སུ་རྒྱ་ནག་གཞུང་གིས་སྤྱི་གླིང་འཛུགས་བསྐྲུན་ཆེད་ས་གནས་བོད་མིའི་ས་ཆ་གཞུང་བཞེས་བཏང་བར་གུན་གསབ་མ་སྤྲད་པར་བརྟེན་ཡུལ་མི་ཚོས་ངོ་རྒོལ་སྐབས། ༡༡།༡༠།༢༡
བོད་འབྱོར།/RFA

རྒྱ་ནག་གཞུང་གིས་འདི་ལོ་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོའི་སྡོམ་མདའ་ཡུལ་ཚོའི་རྫ་དམར་སྐར་ཆེན་སུམ་མདོ་ཞེས་པ་རུ། རྒྱལ་ཁབ་ཀྱི་སྤྱི་གླིང་འཛུགས་བསྐྲུན་དགོས་སྐོར་བརྗོད་ནས། ས་གནས་ཡུལ་མིའི་ས་ཆ་སྤྱི་ལེ་༥་ཙམ་བཙན་དབང་གིས་གཞུང་བཞེས་བཏང་རྗེས་སུ་ས་རིན་གུན་གསབ་སྤྲོད་དགོས་སྐོར་བརྗོད་ཡོད་ན་ཡང་། ད་བར་གུན་གསབ་སོགས་གང་ཡང་མ་སྤྲད་སྟབས། ཕྱི་ཟླ་༡༡་ཚེས་༡༠་ཉིན་ས་གནས་ཡུལ་མི་ཁག་ཅིག་སྤྱི་གླིང་འཛུགས་བསྐྲུན་བྱེད་སའི་ཡུལ་དངོས་སུ་སོང་སྟེ། གུན་གསབ་མ་སྤྲོད་པ་ཡིན་ན་འཛུགས་སྐྲུན་མཚམས་འཇོག་དགོས་པའི་ངོ་རྒོལ་བྱས་སྟབས། ས་གནས་ལས་བྱེད་དང་ཡུལ་མིའི་དབར་ཁ་རྩོད་དང་ལག་འཛིང་སོགས་བྱུང་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འབྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། སྤྱིར་གནས་ཚུལ་དེ་ས་གནས་ཡུལ་མི་ཚོས་ས་རིན་གྱི་གནད་དོན་ཐད་སྐད་ཆ་བཤད་ཆེད། ས་གནས་སྲིད་གཞུང་གི་འགོ་ཁྲིད་སྐད་བཏང་སྟེ་ཡུལ་དངོས་སུ་འཛོམས་སྐབས། གཞུང་ཕྱོགས་ནས་ས་རིན་སྤྲོད་མིན་ཐད་ཡ་ལན་གང་ཡང་མེད་པ་མ་ཟད་ཡུལ་མི་ཚོར་སྡིག་ར་སོགས་སྐུལ་བས། མི་མང་གིས་གནས་ཚུལ་དེ་རིགས་པར་དང་བརྙན་དུ་བླངས་བར་བརྙན་བླངས་མི་ཆོག་སྐོར་བརྗོད་དེ། ལས་བྱེད་དང་ས་གནས་ཡུལ་མིའི་དབར་ཁ་རྩོད་དང་ལག་འཛིང་བྱུང་བ་ཡིན་པ་དང་། ད་ལྟའི་ཆར་ཕྱོགས་གཉིས་ལ་རྨས་སྐྱོན་ལྟ་བུ་གང་ཡང་བྱུང་མེད་ན་ཡང་། ས་ཆའི་གནད་དོན་ཐད་ས་གནས་ཡུལ་མི་ཚོའི་ངོ་རྒོལ་བྱས་རྐྱེན་གནས་སྐབས་རིང་ས་གནས་དེར་འཛུགས་སྐྲུན་ལས་གཞི་མཚམས་འཇོག་བྱས་ཡོད་པ་དང་། ཡུལ་མི་ཚོར་བཙན་གྱིས་ཁ་པར་ནང་གི་པར་དང་བརྙན་སོགས་ནག་བསུབ་བཏང་བཅུག་ཡོད་པ་ལས། དེ་མིན་གནས་ཚུལ་གཞན་ག་རེ་བྱུང་བཞིན་ཡོད་སོགས་ཤེས་རྟོག་མེད་པ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
སྤྱིར་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཁུལ་ཡོངས་སུ་རྩྭ་ས་སྲུང་སྐྱོབ་ཀྱི་ལས་གཞིའི་འོག་ནས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྤྱི་གླིང་འཛུགས་སྐྲུན་དགོས་སྐོར་བརྗོད་ནས་མི་མང་གི་ས་ཆ་བཙན་འཕྲོག་དང་། འབྲོག་པ་གནས་སྤོར་སོགས་ཀྱི་གནས་ཚུལ་བྱུང་གི་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གི་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ནས། རྒྱ་ནག་གཞུང་གིས་སྤྱི་གླིང་འཛུགས་སྐྲུན་ལས་གཞིའི་འོག་ས་གནས་ཡུལ་མི་ཚོའི་འདོད་མོས་ཡོད་མེད་ལ་མ་བལྟོས་པར། ས་ཆ་བཙན་འཕྲོག་དང་མི་ལོ་སྟོང་ཕྲག་རང་གི་འཚོ་གནས་བྱས་ཡོད་པའི་འབྲོག་པ་ཚོ་གནས་སྤོར་བྱེད་བཅུག་པ་སོགས་ཀྱིས། རྒྱ་ནག་གིས་ཁོར་ཡུག་སྲུང་སྐྱོབ་ཆེད་སྤྱི་གླིང་འཛུགས་སྐྲུན་ཟེར་བ་དེ་དོགས་གཞི་ཅན་ཞིག་དང་ཁོར་ཡུག་སྲུང་སྐྱོབ་ཙམ་ལ་དམིགས་མེད་པ་ཞིག་ཡིན་སྐོར་གསུངས་བྱུང་།
རྒྱ་ནག་གཞུང་གིས་ལས་གཞི་འདྲ་མིན་འོག་བོད་ཀྱི་ས་ཁུལ་ཁག་ནང་རྩྭ་ས་གཞུང་བཞེས་དང་། གཏེར་ཁ་སྔོག་འདོན་སོགས་ལ་མི་མང་གི་ངོས་ནས་ངོ་རྒོལ་རིམ་པར་བྱས་ཡོད་པ་བཞིན། ཕྱི་ལོ་༢༠༡༦་ལོར་ཡུལ་ཤུལ་རྫ་དམར་ཁྲ་ཁོག་ཏུ་ཡང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་ལ་ཡུལ་མི་ཚོས་ངོ་རྒོལ་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎