རྒྱ་ནག་ཉེན་རྟོག་པས་བོད་མིར་མེ་མདའ་བརྒྱབ་འདུག


2015.03.12
མེ་མདའ་ཕོག་པའི་བོད་མི་གཞོན་སྐྱེས་རྟ་མགྲིན། ༢༠༡༥།༣།༡༠ མེ་མདའ་ཕོག་པའི་བོད་མི་གཞོན་སྐྱེས་རྟ་མགྲིན། ༢༠༡༥།༣།༡༠
བོད་འབྱོར།

བྲག་མགོ་རྫོང་འབྲོག་རུ་སྡེ་བའི་བོད་མི་ཚོ་རི་མགོར་བསང་གསོལ་གཏོང་དུ་འགྲོ་སྐབས་རྒྱའི་ཉེན་རྟོག་པས་མེ་མདའ་བརྒྱབ་འདུག
དེ་ཡང་འདི་གའི་རླུང་འཕྲིན་ལས་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན། དཀར་མཛེས་ཁུལ་བྲག་མགོ་རྫོང་མདའ་མདོ་ཡུལ་ཚོའི་འབྲོག་རུ་སྡེ་བའི་གཞོན་སྐྱེས་གསུམ་ཁ་ཉིན་སྤྱི་ཟླ་༣པའི་ཚེས་༡༠གསུམ་བཅུའི་དུས་དྲན་ཐེངས་༥༦ཉིན་འཕྲུལ་རྟའི་སྟེང་དར་ལྕོག་བཏགས་ཏེ་རི་མགོར་བསང་གསོལ་གཏོང་བར་སྐྱོད་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་བཀག་འགོག་བྱས་ཏེ་ཁོང་ཚོའི་བར་ཁ་རྩོད་ཤོར་ཡོད་པ་དང་། ཁོང་ཚོས་བསང་གསོལ་གཏོང་བ་ནི་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཡིན་བརྗོད་དེ་མུ་མཐུད་བསྐྱོད་སྐབས་རྒྱའི་ཉེན་རྟོག་པས་རྗེས་དེད་བྱས་སྟེ་མེ་མདའ་རྒྱབ་ཡོད་འདུག
སྐབས་དེར་བོད་མི་གཞོན་སྐྱེས་རྟ་མགྲིན་ཞུ་བའི་རྐང་པའི་བརླ་ཤའི་སྟེང་མེ་མདའ་ཕོག་ཡོད་འདུག བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་དེས་བརྗོད་དོན། གོང་ཞུས་ཀྱི་གནས་ཚུལ་དེ་མ་བྱུང་གོང་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་དུས་སྐབས་དེར་ས་ཁུལ་གྱི་དགོན་སྡེ་དང་། གྲོང་པ་ཁག་ཏུ་རྒྱ་གཞུང་གི་ལས་བྱེད་པ་དང་། ཉེན་རྟོག་པས་སྐོར་གཡེངས་བྱེད་པ། མཚམས་རེར་རིའི་སྟེང་ཉེན་བརྡའི་གློག་དམར་དང་དུང་སྒྲ་བཏང་བ་མ་ཟད་ཉེན་རྟོག་པ་དང་དམག་མིའི་རླངས་འཁོར་ཡང་ཕར་འགྲོ་ཚུར་འགྲོ་བྱེད་མཁན་ཡང་ཧ་ཅང་གི་མང་དུ་བཏང་ཡོད་འདུག
གསུམ་བཅུའི་དུས་དྲན་ཉིན་དེར་ས་ཁུལ་དུ་མི་མང་འདུ་འཛོམས་སོགས་བྱེད་དུ་བཅུག་མེད་ཀྱང་མི་མང་པོ་ཞིག་གིས་བསང་གསོལ་གཏོང་བ་དང་། དགོན་སྡེ་ཁག་ནང་སྨོན་ལམ་གསུང་འདོན་གནང་ནས་གསུམ་བཅུའི་དུས་དྲན་ཐེངས་༥༦པ་དེ་སྲུང་བརྩི་ཞུས་ཡོད་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎