བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་རྡ་རམ་སཱ་ལར་ཚོགས་བཞིན་འདུག

2022.08.23
བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་རྡ་རམ་སཱ་ལར་ཚོགས་བཞིན་འདུག བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་རྡ་རམ་སཱ་ལར་ཚོགས་བཞིན་པ། ༠༨།༢༣།༢༠༢༢
CTA

བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག སྤྱི་ཟླ་༨པའི་ཚེས་༢༣ནས་བཟུང་ཉིན་གྲངས་གསུམ་རིང་། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་དེ་བཞིན་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྐོང་ཚོགས་གནང་བཞིན་པ་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཀུན་དགའ་རྒྱལ་མཚན་ལགས་ཀྱིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དེ་བཞིན་ཤེས་ལྡན་པའི་ལྟེ་གནས་ཤིག་ཏུ་བསྐྲུན་རྒྱུ་དམིགས་ཡུལ་བཟུང་བ་གཞིར་བཟུང་། ད་རེས་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ཞིག་ནི་བོད་མི་གཞོན་སྐྱེས་ཉམས་ཞིབ་པ་ཚོའི་དཔྱད་རྩོམ་ལ་རིན་ཐང་དང་གདེང་འཇོག་བྱེད་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཚོགས་འདུའི་སྟེང་། བོད་རིགས་སློབ་མ་འབུམ་རམས་པ་དང་། ཉེ་བའི་འབུམ་རམས་པ། གཙུག་ལག་རབ་འབྱམས་པ། དེ་བཞིན་ཉམས་ཞིབ་ལྟེ་གནས་ཁང་འདྲ་མིན་ནང་ཉམས་ཞིབ་གནང་བཞིན་པ་རྣམས་ཀྱིས། བོད་ཀྱི་ཆབ་སྲིད་དང་། རིག་གཞུང་། མི་རིགས། ཆོས་འབྱུང་དང་རྒྱལ་རབས། ཁོར་ཡུག་སོགས་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་རང་ཉིད་ཀྱི་དཔྱད་རྩོམ་སྤྱན་འབུལ་གྱིས་གསུང་བཤད་དང་བགྲོ་གླེང་གནང་གི་ཡོད་པ་རེད།
ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། སྤྱིར་བཙན་བྱོལ་དུ་བོད་རིགས་གཞོན་སྐྱེས་ཁྲོད། གནད་དོན་འདྲ་མིན་ཐོག་དོ་སྣང་དང་དཔྱད་རྩོམ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ཀྱང་། བོད་མི་རང་གི་གནའ་བོའི་རིག་གཞུང་དང་འབྲེལ་བའི་ཞིབ་འཇུག་བྱེད་ཐབས་ཐད་མཁྱེན་རྟོགས་མེད་མཁན་མང་པོ་ཞིག་ཡོད་པ་དེ་ནི་རང་གི་རིག་གཞུང་ལ་རིན་ཐང་མེད་པ་ཆགས་རྒྱུའི་རྐྱེན་རྩ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་ས་རཱ་མཐོ་སློབ་ཏུ་ལོ་རྒྱུས་གཙུག་ལག་རབ་འབྱམས་པ་སློབ་མཐར་ཕྱིན་པའི་སློབ་མ་བསྟན་འཛིན་དབང་མོ་ལགས་ཀྱིས། བོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་ཚུད་ཐབས་བྱས་མིན་ཐད་དཔྱད་རྩོམ་ཞིག་སྤེལ་འདུག་པའི་ནང་། ༡༩༤༩འི་གོང་དུ་རྒྱལ་ཁབ་གཞན་གྱིས་ཐེངས་འགར་བོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཚུད་ཐབས་བྱས་ཡོད་ཀྱང་། སྐབས་དེའི་བོད་ཀྱི་གནད་ཡོད་མི་སྣ་དང་བོད་གཞུང་ལ་རྒྱལ་ཚོགས་སྐོར་ཐུགས་རྒྱུས་མེད་པའི་སྐོར་གསལ་སྟོན་བྱས་འདུག
གཞན་ཡང་ལ་དྭགས་སུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་གསོ་རིག་མཐོ་སློབ་ཏུ་ཕྱག་ལས་གནང་བཞིན་པ་སྨན་པ་འཆི་མེད་ལྷ་མོ་ལགས་ཀྱིས། གསོ་བ་རིག་པའི་ལྟ་ཕྱོགས་ཀྱི་ཐོག་ནས་ཁོར་ཡུག་ལ་བདག་གཅེས་གནང་ཕྱོགས་ཞེས་པའི་བརྗོད་གཞི་ཐོག་དཔྱད་རྩོམ་སྤེལ་འདུག་ཅིང་། ཁོང་མོས། ད་རེས་དཔྱད་རྩོམ་དེའི་ནང་གཙོ་བོ་ད་སྐབས་ཉམས་རྒུད་དུ་འགྲོ་བཞིན་པའི་ཁོར་ཡུག་དེ་དག་གསོ་བ་རིག་པའི་ལམ་ནས་སྲུང་སྐྱོབ་བྱེད་ཐབས་སྐོར་བཀོད་སྤེལ་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ད་རེས་ཚོགས་འདུའི་སྟེང་ཉམས་ཞིབ་པ་སོ་སོས་ཉམས་ཞིབ་གནང་པའི་དཔྱད་རྩོམ་མི་འདྲ་བ་༢༤ཡོད་པ་ལས། སྤྱི་ལོ་༡༩༤༧ལོར་བོད་ཀྱི་འཐུས་མི་རྒྱ་ནག་ཏུ་ཕེབས་དོན་སྐོར་དཔྱད་པ་དང་། རྒྱ་ནག་གཞུང་གི་དམག་མིའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་དངོས་ཞབས་དམག་མི་དང་བོད་རིགས་ཀྱི་དམག་དཔོན་སྐོར། བོད་རིགས་དང་ཕྱི་རྒྱལ་བ་མཁས་པ་ཚོས་དཔལ་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ལ་དཔྱད་པའི་རྩོམ་ཡི་ཁག་དཔྱད་སྡུར། བོད་ཀྱི་སྐད་བརྡའི་གྲུབ་ཆ་གལ་ཆེ་ཤོས་གང་ཡིན་ལ་དཔྱད་པ། མདོ་ཁམས་ཀྱི་ཆུ་བོ་ཆེན་པོ་བཞིའི་སྐོར་གླེང་བ། རྒྱ་ནག་གཞུང་གི་བོད་ཀྱི་འབྲོག་པ་གནས་སྤོས་ཀྱི་སྲིད་སྐོར། དེ་བཞིན་དྲན་པ་ཉེ་བར་གཞག་པའི་མདོ་སྡེའི་འཕེལ་རིམ་ལོ་རྒྱུས་སྐོར་སོགས་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎