རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་རྡ་རམ་སཱ་ལར་འཚོགས་བཞིན་འདུག
བཞུགས་སྒར་དུ་རྟེན་གཞི་ཆགས་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་སྟེ། བཞུགས་སྒར་ཉེ་འདབས་སཱ་ར་མཐོ་སློབ་ཏུ་སྤྱི་ཟླ་༡༠པའི་ཚེས་༡༧ནས་ཉིན་གྲངས་གསུམ་རིང་། རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་བསྐོང་ཚོགས་གནང་བཞིན་པ་དང་། ཚོགས་འདུ་དབུ་འབྱེད་དུ་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་༧གོང་ས་མཆོག་གི་དགོངས་གཞི་དང་། སྤྱི་ལྷན་གྱིས་གྲོས་ཆོད་གཏན་འབེབས་གནང་བའི་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོད་གནང་གི་ཡོད་ནའང་། དབུ་མའི་ལམ་གྱི་སྲིད་བྱུས་མངོན་འགྱུར་ཡོང་བར་བོད་ཀྱི་ལོ་རྒྱུས་ཐོག་གི་གནས་བབ་ངེས་པར་དུ་གསལ་སྟོན་བྱ་དགོས་པ་དང་། ང་ཚོས་ངེས་པར་པེ་ཅིང་གིས་སྔ་མོ་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བཤད་བསྡད་པར་གདོང་ལེན་བྱ་དགོས་པ་སྟེ། ང་ཚོས་གསལ་བོ་བཟོ་དགོས་པ་ཞིག་ལ་བོད་ནི་བཙན་བཟུང་འོག་ཚུད་པའི་ཡུལ་ལུང་ཞིག་དང་། ལོ་རྒྱུས་ཀྱི་ཐོག་ནས་བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མེད་པར། རྒྱ་ནག་གཞུང་གིས་དྲག་ཤུགས་དང་ཁྲིམས་འགལ་གྱི་ལམ་ནས་བཙན་བཟུང་བྱས་པ་ཞིག་ཡིན་པར་བརྟེན། ཁྱེད་ཚོ་ཁ་ཤས་ཀྱིས་བོད་དང་རྒྱ་ནག་གི་ལོ་རྒྱུས་ལ་ཉམས་ཞིབ་གནང་སྟེ། ལོ་རྒྱུས་ཀྱི་ཐོག་ནས་རྒྱ་གར་དང་རྒྱ་ནག་བར་ནམ་ཡང་རྒྱལ་མཚམས་བྱུང་མྱོང་མེད་པ་སོགས་གསལ་སྟོན་དགོས་པའི་འབོད་སྐུལ་གནང་སོང་།
རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་དེའི་བརྗོད་གཞི་གཙོ་བོ་ནི། བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཆོས་དང་ཆབ་སྲིད་སོགས་ཡིན་པར་བརྟེན། རྒྱ་གར་སྤྱི་དང་ལྷག་པར་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཉམས་ཞིབ་པ་ཁག་ཀྱང་བཅར་ཡོད་པ་ལས། མཛད་སྒོ་དབུ་འབྱེད་ཀྱི་གཏམ་བཤད་གཙོ་བོ་གནང་མཁན་འབྲས་ལྗོངས་མངའ་སྡེའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་(Tanka Bahadur Subba)་ལགས་ནས། བོད་ཕྱི་ནང་གི་བོད་མི་ཚོས་རང་དབང་འཐབ་རྩོད་ཐོག་ནན་ཏན་གནང་དགོས་པ་དང་། རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷི་རྗེ་ནས་འཐབ་རྩོད་ཀྱི་ལག་ཆ་ལ་འཚེ་བ་མེད་པའི་ཉམས་ལེན་ཁྱེར་ཡོད་པ་བཞིན། བོད་མི་ཚོས་ཀྱང་སྙིང་རྗེའི་ཉམས་ལེན་གྱིས་རྒྱ་མི་རིགས་སེམས་འགུག་ཐབས་གནང་དགོས་པ་དང་མཚུངས། བོད་ལ་རང་དབང་འཐོབ་མིན་ནི་རྒྱ་ནག་ནང་འགྱུར་བ་འགྲོ་རྒྱུ་ལ་རག་ལུས་ཡོད། རྒྱ་ནག་གི་འགོ་ཁྲིད་ལ་འགྱུར་བ་ཕྱིན་ཀྱང་བོད་ལ་རང་དབང་འཐོབ་རྒྱུ་ནི་ལས་སླ་བོ་དང་མགྱོགས་པོ་ཡོང་ཁག་པོ་རེད་ལ། ཕྱིའི་རྒྱལ་ཁབ་ཚོས་བོད་ལ་རྒྱབ་རོགས་བྱེད་རྒྱུའང་ཧ་ཅང་ཁག་པོ་སྟེ། རྒྱལ་ཁབ་སོ་སོས་རང་རང་གི་ཁེ་ཕན་ཨང་དང་པོ་ལ་འཇོག་གི་རེད། འོན་ཀྱང་གལ་ཏེ་གློ་བུར་གྱི་འགྱུར་ལྡོག་ཅིག་ཡོང་རྒྱུར་རེ་བ་བརྒྱབ་ན་དེ་ནི་རྒྱ་ནག་ནང་ཁུལ་ནས་ཡོང་དགོས། རྒྱ་ནག་གིས་བོད་ལ་རང་དབང་སྤྲོད་པ་དང་བརྩི་འཇོག་བྱེད་པར། ཐོག་མར་རྒྱ་རིགས་ཚོའི་སེམས་ལ་འགྱུར་བ་འགྲོ་དགོས་པ་མ་གཏོགས། ཕྱིའི་ཉེན་ཁ་དང་དབང་ཤུགས་ཀྱིས་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་གཏོང་ཐུབ་རྒྱུ་མ་རེད་ཅེས་ངོ་སྤྲོད་གནང་སོང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཀུན་དགའ་རྒྱལ་མཚན་ལགས་ཀྱིས། ཚོགས་འདུ་གོ་སྒྲིག་འདིས་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པ་ཚོར་གོ་རྟོགས་འཕེལ་ཏེ། ཕུགས་ལ་བོད་དོན་ཆབ་སྲིད་རྩ་དོན་ཐོག་ཕན་ཐོགས་འབྱུང་རྒྱུའི་རེ་བ་གནང་བཞིན་པ་བརྗོད་བྱུང་།
ཚོགས་འདུ་དེ་ལ་ཆོས་སྲིད་ཡུལ་གོམས་གཤིས་ལུགས་དང་སྨན། དམག་གི་གནས་སྟངས་སོགས་བརྗོད་གཞི་སྣ་ཚོགས་བཏུས་ཡོད་པས། རྒྱ་གར་ལྡི་ལི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་(Priyadarshini Mahara)་སངས་རྒྱས་ཀྱི་སྐྱེས་རབས་ལས་བྱུང་བའི་བཟང་སྤྱོད་སྐོར་འགྲེལ་བཤད་གནང་གི་ཡོད་པ་དང་། ཁོང་གིས་དེང་རབས་ཀྱི་སྤྱི་ཚོགས་སུ་བཅོས་མའི་ཤེས་པ་དར་ཁྱབ་ཡོང་བཞིན་པའི་དུས་འདིར། ནང་པའི་བཟང་སྤྱོད་ཀྱི་ནང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འཚེ་བ་མེད་པའི་ཉམས་ལེན་ཤུགས་ཆེར་གསུང་གི་ཡོད་ལ། དེང་རབས་སྤྱི་ཚོགས་སུ་བརྟན་ལྷིང་མེད་པ་དང་ཁྲིམས་འགལ་གྱི་བྱ་སྤྱོད་སོགས་ཤུགས་ཆེ་ཡོང་གི་ཡོད་པས། ནང་པའི་འཚེ་བ་མེད་པའི་བཟང་སྤྱོད་ཉམས་ལེན་ཧ་ཅང་གལ་ཆེན་དུ་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཉིན་གྲངས་གསུམ་རིང་འཚོག་བཞིན་པའི་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་འདིར། རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པ་མཁས་པ་༣༠ཆེད་བཅར་གནང་ཡོད་པའི་ཐོག ཆེད་དུ་གདན་ཞུས་མཁས་པ་ལྔ་ནས་དམིགས་བསལ་གཏམ་བཤད་ཀྱང་གནང་གི་ཡོད་ཁར། བརྗོད་གཞིར་རྒྱ་གར་གྱི་ཆབ་སྲིད་ནང་བོད་ཀྱི་གལ་གནད་དང་ཁོར་ཡུག་དང་འབྲེལ་བོད་ཀྱི་ཆུ་བོ་ཁག་གི་གལ་གནད་སོགས་ཀྱང་ཚུད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།