རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཕལ་ཆེ་བ་ནི་དམར་ཤོག་གཞུང་གི་ཁེ་ཕན་གཙོ་བཟུང་བྱེད་བཞིན་ཡོད་པ་ཉམས་ཞིབ་པས་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༡༠པའི་ཚེས་༦ནས་༧བར་ཉིན་གྲངས་གཉིས་རིང་བཞུགས་སྒར་དུ་བསྐོང་ཚོགས་གནང་བའི་རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་རྒྱ་གར་གྱི་ཉམས་ཞིབ་པ་དང་། སློབ་མ། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་གཙུག་ལག་སློབ་ཆེན་ཁག་གི་སློབ་དཔོན་སོགས་མི་གྲངས་༡༥མཉམ་ཞུགས་གནང་འདུག་ཅིང་། Shiv Nadar གཙུག་ལག་སློབ་ཆེན་གྱི་ཧི་མ་ལ་ཡའི་ཉམས་ཞིབ་ལྟེ་གནས་ཁང་གི་འབུམ་རམས་པ་Devendra Kumarལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞིའི་ཐོག་དཔྱད་རྩོམ་འདོན་སྤེལ་གྱིས་གཏམ་བཤད་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་ནི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་འབྲེལ་བའི་ལས་གཞི་གཙོ་གྲས་ཤིག་ཡིན་པར་བརྟེན། བོད་ནང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་ཏེ། ཁོར་ཡུག་ལ་གཏོར་གཤིགས་ཚབ་ཆེན་བཏང་བ་ཙམ་མ་ཟད། དེའི་མཉམ་དུ་རྒྱ་རིགས་ལས་མི་གནས་སྤོས་དང་། དེ་འབྲེལ་བཟོ་གྲྭ་གསར་རྒྱ་སོགས་ཀྱི་རྐྱེན་པས། བོད་དང་ས་མཚམས་ས་ཁུལ་གྱི་བདེ་འཇགས་ཐོག་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་འདས་པའི་ལོ་ངོ་བཅུ་ཕྲག་༦གི་ནང་བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་གཏོར་གཤིགས་ཚབ་ཆེན་བཏང་ཡོད་པ་མ་ཟད། བོད་ལྷོ་ཁ་ནི་ཀོ་ལྕགས་(Chromium)གཏེར་རྫས་འབྱུང་ཁུངས་ཀྱི་ས་ཁུལ་ལྟེ་བའི་གྲས་ཤིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་ཁུལ་དེར་ད་བར་གཏེར་རྫས་སྔོག་འདོན་གྱིས་གཏོར་སྐྱོན་ཕྱིན་པའི་ས་ཁུལ་ཁག་སླར་གསོ་ཡོང་ཆེད། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞེས་པའི་ལས་གཞི་ཞིག་འགོ་འཛུགས་བྱས་ཡོད་པ་ཁ་སྔོན་ཕྱི་ཟླ་༦པའི་ནང་བསྒྲགས་འདུག་ཀྱང་། ཉམས་ཞིབ་པ་Devendra Kumarལགས་ཀྱིས། རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ལས་གཞི་ག་འདྲ་ཞིག་སྤེལ་རུང་། དམར་ཤོག་གཞུང་གིས་དབང་བསྒྱུར་དང་ཁེ་ཕན་ལ་དམིགས་ཏེ་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པས། བོད་ནང་གཏེར་ཁ་སྔོག་འདོན་རིགས་བྱེད་པའི་སྐབས། ས་གནས་མི་མང་གི་མངོན་འདོད་དང་ཞུ་འབོད་སོགས་སྣང་མེད་དུ་བཏང་བའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
དཔེར་ན། དེ་སྔོན་༢༠༡༤ལོར་རྒྱ་ནག་གཞུང་གིས་ཆབ་མདོ་ས་ཁུལ་ཚ་བ་མཛོ་སྒང་རྫོང་གི་སྟོབས་འབར་ཡུལ་ཚོའི་ནང་གསེར་གྱི་གཏེར་ཁ་སྔོག་འཆར་གྱི་ལས་གཞིར་ས་གནས་བོད་མི་ཚོས་ངོ་རྒོལ་བྱས་ཡོད་པ་མ་ཟད། ས་གནས་བོད་མི་གཉིས་ཀྱིས་རང་ལུས་ལ་གྲི་བཙུགས་ཏེ་ངོ་རྒོལ་བྱས་བའི་ཁྲོད་བོད་མི་གཅིག་གི་ཚེ་སྲོག་ཤོར་ཡོད་པ་རེད།
ཡང་གོང་ཞུས་ཚོགས་འདུ་གོ་སྒྲིག་གི་རྐང་འགན་བཞེས་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས། ཧི་མ་ལ་ཡ་དང་བོད་གཉིས་དབར་ས་མཚམས་ཀྱི་འབྲེལ་བ་ཙམ་མིན་པར། ཆོས་དང་རིག་གཞུང་། ཚོང་ལས། བདེ་འཇགས་སོགས་ཀྱི་ཐད་དམིགས་བསལ་འབྲེལ་བ་ཡོད་པའི་སྐོར་ཐེངས་འདིའི་ཚོགས་འདུས་གསལ་སྟོན་བྱེད་ཐུབ་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཐེངས་འདིའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཉམས་ཞིབ་པ་ཚོས་བོད་དང་ཧི་མ་ལ་ཡའི་གནད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་དཔྱད་རྩོམ་འདོན་སྤེལ་གྱིས་གཏམ་བཤད་གནང་བའི་ཁྲོད། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གཏེར་ཁ་སྔོག་འདོན་གྱི་ལས་གཞིའི་སྐོར་དང་། དུས་རབས་ཉེར་གཅིག་པའི་ནང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྐོར་། ཨེ་ཤེ་ཡའི་ནང་དུ་ནང་ཆོས་ཀྱི་ནུས་སྟོབས་སྐོར། ལ་དྭགས་ཁུལ་དུ་གནས་ཞུགས་བོད་མིའི་ན་གཞོན་ཚོའི་གནས་སྟངས་ལ་ཞིབ་ལྟ། རྒྱ་གར་ནང་བཙན་བྱོལ་བོད་མིའི་དཀའ་ངལ་དང་གདོང་ལེན་གནང་ཕྱོགས། དེ་བཞིན་བོད་ནང་གི་ཆོས་བརྒྱུད་ནང་བསྟན་གྱི་གནས་སྟངས་སོགས་ཀྱི་ཐོག་གཏམ་བཤད་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།