དཀར་མཛེས་ནས་བོད་མི་ཞིག་གིས་མེར་བསྲེཊ་ཞི་རྒོལ་གནང་།
2015.04.10

ཡེ་ཤེས་མཁའ་འགྲོ་ཡིས་དཀར་མཛེས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་རང་བསྲེགས་ཞི་རྒོལ་གནང་འདུག
དེ་ཡང་འབྲེལ་ཡོད་བོད་མི་བྱམས་པ་ཡིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། སྤྱི་ལོ་༢༠༡༥ལོའི་ཟླ་༤ཚེས་༨ལྷག་དཀར་ཉིན་ཏྲེ་ཧོར་དཀར་མཛེས་ངང་སྒང་བཙུན་དགོན་གྱི་བཙུན་མ་ཡེ་ཤེས་མཁའ་འགྲོ་ཡིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས་པ་དང་། བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་བ་དང་མཉམ་རང་ལུས་མེར་བསྲེགས་གནང་ཡོད་འདུག གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཁོ་མོས་རང་ལུས་ལ་མེ་སྦར་བ་དང་རིང་པོ་མ་སོང་བར་མེ་ལྕེ་ཆེན་པོའི་ཁྲོད་ནས་ས་ལ་འགྱེལ་ཡོད་པ་དང་། དེ་མ་ཐག་དེར་ཡོད་ས་གནས་རྒྱ་ནག་གི་ཉེན་རྟོག་པ་འབྱོར་ནས་བཙན་གྱིས་རླངས་འཁོར་ལ་འཁྱེར་ཡོད་པ་དང་། གནས་སྟངས་ལ་བལྟས་ན་ཕལ་ཆེར་ཁོང་མོ་གྲོངས་ཟིན་པ་ལྟ་བུར་ཡོད་པ་བརྗོད་བྱུང་།
ཡང་གནས་ཚུལ་ངོ་སྤྲོད་པ་གཞན་ཞིག་གིས། ས་གནས་བོད་མི་དང་ནང་མི་སྤུན་མཆེད་ཚོས་བཙུན་མ་ཡེ་ཤེས་མཁའ་འགྲོའི་གནས་སྟངས་ལ་སེམས་འཚབ་ཆེན་པོས་ས་གནས་ཉེན་རྟོག་པར་ཁོ་མོ་གྲོངས་ཡོད་མེད་གནས་སྟངས་གསལ་བོ་དགོས་བ་དང་། གྲོངས་ཟིན་ཚེ་ཕུང་པོ་ཙམ་ཡིན་ཡང་རག་ཐབས་བྱས་ཡོད་པ་གོ་ཐོས་བྱུང་བ་བརྗོད་བྱུང་ལ་ཚེས་༩ཉིན་ས་གནས་རྒྱ་ནག་གི་ཉེན་རྟོག་པས་ཁོང་མོའི་ནང་མི་སྐད་བཏང་འདུག་ཀྱང་ཕུང་པོ་སོགས་གང་ཡང་རྩིས་སྤྲོད་བྱས་མི་འདུག
གོང་གི་རང་ལུས་མེར་བསྲེགས་གནང་མཁན་བཙུན་མ་ཡེ་ཤེས་མཁའ་འགྲོ་ནི་ད་ལོ་དགུང་ལོ་༤༧ཙམ་ཡིན་པ་དང་། ཕ་ཡུལ་བྲག་མགོ་རྫོང་བྲག་སྲས་གྲོང་ནས་ཡིན་འདུག་པར་ཕ་མིང་ལ་ཤེས་རབ་དང་། ཁུལ་དེའི་ལྕོག་རི་ངང་སྒང་ཇོ་མོ་དགོན་པའི་བཙུན་མ་ཡིན་པ་རེད་འདུག ཡེ་ཤེས་མཁའ་འགྲོ་ནི་ད་བར་རྒྱ་ནག་གི་སྟངས་འཛིན་འོག་བོད་ནང་གི་བོད་མི་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་མི་གྲངས་༡༣༨པ་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ་དང་དབྱངས་སྒྲོན།