རྒྱ་ནག་གཞུང་གིས་ཡ་རྫི་རྫོང་ཀ་རིང་ཡུལ་ཚོའི་བོད་མིའི་དུད་ཚང་ཁག་བཙན་ཐབས་ཀྱིས་གནས་སྤོ་བྱེད་བཅུག་བཞིན་ཡོད་འདུག

2024.11.20
རྒྱ་ནག་གཞུང་གིས་ཡ་རྫི་རྫོང་ཀ་རིང་ཡུལ་ཚོའི་བོད་མིའི་དུད་ཚང་ཁག་བཙན་ཐབས་ཀྱིས་གནས་སྤོ་བྱེད་བཅུག་བཞིན་ཡོད་འདུག གནས་སྤོར་བྱེད་དགོས་པའི་ཡར་ཀ་སྡེ་བ་དང་རྒྱབ་རི་ཨ་མྱེས་ར་སྟོད་ཀྱི་པར། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

ཟླ་ ༡༡ ཚེས་ ༢༠ ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཟླ་ ༡༠ ནས་བཟུང་བོད་ནང་གི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་། ཀ་རིང་བོད་རིགས་ཡུལ་ཚོའི་གནས་རི་ཨ་མྱེས་ར་སྟོད་ཉིལ་གྲབས་ཡོད་སྐོར་བཤད་ནས། ཡུལ་དེའི་གནས་རིའི་རི་འདབས་སུ་ཆགས་པ་ཡར་ཀ་སྡེ་བ་དང་བིས་ཚང་སྡེ་བ་གཉིས་ཀྱི་ཕྱེད་ཀ་ས་གནས་གཞན་དུ་བཙན་ཐབས་ཀྱིས་གནས་སྤོ་བྱེད་བཅུག་བཞིན་ཡོད་པ་དང་། ད་ལྟའི་ཆར་སྡེ་བའི་ཁྱིམ་ཚང་ཁག་ཅིག་གནས་སྤོ་བྱས་ཡོད་ན་ཡང་། མང་ཆེ་ཤོས་ནས་རང་གི་ས་ཞིང་དང་ཁང་ཁྱིམ་སྡོད་ཁང་སོགས་བློས་གཏོང་མ་ཐུབ་པར་ལུས་ཡོད་ཀྱང་གནས་སྤོ་མི་བྱེད་ཐབས་མེད་ཆགས་ཀྱི་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། རྒྱ་ནག་གཞུང་ངོས་ནས་གནས་སྤོ་བྱ་ཡུལ་མི་མང་ལ་འདམ་ག་གཉིས་སྤྲོད་བཞིན་པ་ལས། གཅིག་ནི་རྒྱ་ནག་གཞུང་གིས་གནས་སྤོ་བ་ཁྱིམ་ཚང་རེར་ཁ་གསབ་རོགས་དངུལ་རྒྱ་སྒོར་ཁྲི་ ༡༥ སྤྲོད་རྒྱུ་དང་། ཡང་ན་ཡ་རྫི་རྫོང་ཐོག་ཏུ་རྒྱལ་ཁབ་ཀྱིས་ལས་པའི་ཁང་ཆུང་ཁག་ཅིག་གི་ནང་སྤོ་དགོས་པ། འདམ་ག་དེ་གཉིས་ལས་གཅིག་མ་གཏོགས་འདེམས་མི་ཆོག་པ་དང་། གལ་ཏེ་སྒོར་མོ་ལེན་མཁན་ཡིན་ཚེ་སྡོད་ཁང་མི་སྤྲོད་རྒྱུ་བྱས་ཡོད་པས། རང་ཡུལ་གྱི་སྡོད་ཁང་དང་ས་ཞིང་ཚང་མ་འདོར་དགོས་པའི་གནས་སྟངས་བྱུང་གི་ཡོད་སྟབས། ཡར་ཀ་སྡེ་བའི་དུད་ཁྱིམ་ཁ་ཤས་ཤིག་འུ་ཐུག་ནས་ཡ་རྫི་རྫོང་གི་རྒྱལ་ཁབ་ཀྱི་ཁང་པ་ཟེར་བའི་ནང་གནས་སྤོས་ཡོད་ན་ཡང་། ཁྱིམ་ཚང་ཁ་ཤས་གནས་སྐབས་སུ་རང་སར་བསྡད་ཡོད་ཅིང་། རྒྱལ་ཁབ་ཀྱིས་སྤྲོད་ཁས་ལེན་བྱས་པའི་རྒྱ་སྒོར་ཁྲི་ ༡༥ དེས། ས་གནས་གཞན་དུ་ཁང་ས་ཉོ་སྤྱད་དང་འཛུགས་སྐྲུན་གྱི་འགྲོ་གྲོན་ལ་མི་འདང་བའི་དཀའ་ངལ་དང་། ལྷག་པར་དུ་མང་ཚོགས་ཀྱི་འཚོ་རྟེན་གཙོ་བོ་ས་ཞིང་འདོར་དགོས་པའི་རྐྱེན་གྱིས། གནས་སྤོ་མི་ཐུབ་པའི་དཀའ་ཁག་འོག་ཡོད་སྐོར་བརྗོད་བྱུང་།

WhatsApp Image 2024-11-20 at 5.18.41 PM.jpeg
ཡ་རྫི་རྫོང་ཀ་ཡར་སྡེ་བ་དང་ཡུལ་དེའི་གནས་རི་ཨ་མྱེས་ར་སྟོད་པར་རིས། ཟླ་ཚེས་མི་གསལ། མི་སེར་གྱི་འདྲ་པར།

ཀ་རིང་ལུང་པར་ཁྱོན་ས་མ་འབྲོག་གི་སྡེ་བ་ཆེ་ཆུང་ ༢༢ ཡས་མས་ཤིག་དང་། ཡར་ཀ་སྡེ་བར་དུད་ཁྱིམ་ ༢༠༠ ཡས་མས། བིས་ཚང་སྡེ་བར་དུད་ཁྱིམ་ ༡༠༠ ལྷག་ཡོད་པའི་གྲས་ནས་བརྒྱ་ཆའི་སུམ་བཅུ་ལྷག་ཨ་མྱེས་ར་སྟོད་གནས་རིའི་རི་འདབས་དང་རི་སྟེང་དུ་འཁེལ་ཡོད་པ་དང་། ཨ་མྱེས་ར་སྟོད་ནི་ཀ་རིང་ལུང་པའི་གནས་རི་གཙོ་བོ་ཡིན་འདུག་ལ། ཡང་འབྲེལ་ཡོད་གཞན་དེས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པ་ཞིག་ནས། ལོ་གཅིག་གཉིས་ཀྱི་སྔོན་ནས་གནས་རི་དེར་ཚན་རིག་རྟོག་ཞིབ་དང་སྔོག་འདོན་ཚོད་ལྟ་བྱེད་བཞིན་ཡོད་ན་ཡང་། ས་གནས་ཡུལ་མི་ཚོར་གནས་རིའི་སྐོར་ནས་བརྟག་ཞིབ་ག་རེ་བྱེད་བཞིན་པ་སོགས་གསལ་བཤད་གང་ཡང་བྱེད་ཀྱི་མེད་འདུག་ལ། ས་གནས་ཡུལ་མི་མང་པོས་རྒྱ་ནག་གཞུང་གིས་གནས་རི་དེའི་ནང་དུ་གཏེར་ཁ་སྔོག་འདོན་ཤུགས་ཆེ་ཞིག་བྱ་རྒྱུ་ཡིན་པའི་དོགས་གཞི་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཡ་རྫི་རྫོང་ཀ་རིང་སྡེ་བའི་ཡ་གི་དང་མ་གི་སྡེ་བ་གཉིས་གྱི་འཚོ་རྟེན་གཙོ་བོ་ཞིང་ལས་ཡིན་པ་དང་། འབྲུ་རིགས་ལ་གྲོ་ནས་སྲན་གསུམ་དང་། ཟར་མ་དང་ལ་ཕུག་སོགས་འདེབས་ལས་བྱེད་ཀྱི་ཡོད་པ་དང་། ཡུལ་མི་ཚོར་ས་ཞིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་འདུག་པས། ས་གནས་དེར་ཡུལ་མི་ཚོས་རང་གི་ཕ་མེས་ཡང་མེས་ནས་རྒྱུད་པའི་འཚོ་བར་རོལ་བཞིན་ཡོད་པས། ཕ་ཡུལ་དང་ཡུལ་མི་དོར་མ་ཐུབ་པའི་དཀའ་ཁག་ཤུགས་ཆེར་བྱུང་གི་ཡོད་ན་ཡང་། རྒྱ་ནག་གཞུང་ངོས་ནས་སྡེ་བ་དེ་དག་མགྱོགས་མྱུར་གནས་སྤོ་དགོས་པའི་བཙན་ཐབས་ཤུགས་ཆེར་བྱེད་བཞིན་ཡོད་འདུག་ལ། སྤྱིར་བཤད་རྒྱུན་ལ་ཐེངས་འདིར་རྒྱ་ནག་གཞུང་གིས་བརྟག་དཔྱད་བྱ་ཡུལ་གནས་རི་དེའི་ནང་དུ་མཆོད་རྟེན་བརྒྱད་ཡོད་པ་རེད་ཟེར་སྲོལ་ཡོད་པ་དང་། གནས་རི་དེའི་སྟེང་དུ་རྡེའུ་འབུམ་ཞིག་ཡོད་པ་དེར་རིག་གནས་གསར་བརྗེའི་སྐབས་སུ། གསུང་རབ་དཔེ་ཆ་དང་མཆོད་རྫས་རྩ་ཆེན་མང་པོ་གཏེར་དུ་སྦས་པ་བཤད་སྲོལ་ཡོད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎