ཡ་ཆེན་སྒར་ནས་ས་གནས་གཞན་པའི་གྲྭ་བཙུན་ཚོ་ཕྱིར་ཕུད་བྱེད་བཞིན་འདུག
2019.06.07
དེང་སྐབས་ཞིང་ཆེན་གཞན་ནས་ཡིན་པའི་གྲྭ་བཙུན་རྣམས་ཡ་ཆེན་སྒར་ནས་ཕྱིར་ཕུད་བྱེད་བཞིན་པ་རེད་འདུག
འདི་གའི་རླུང་འཕྲིན་ཁང་ལ་བོད་ནང་འབྲེལ་བ་ཡོད་པའི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་ཆར་ཟླ་ངོ་གཅིག་ཙམ་གྱི་གོང་ནས་བཟུང་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁོངས་སུ་ཡོད་པའི་ཡ་ཆེན་སྒར་ནང་དུ། དེ་སྔོན་གསེར་རྟ་བླ་རུང་སྒར་ནང་བྱུང་བ་ལྟར་ཞིང་ཆེན་གཞན་ནས་ཕེབས་པའི་གྲྭ་བཙུན་རྣམས་གཞུང་གིས་དངོས་སུ་ཚོད་འཛིན་གྲངས་ཀ་གང་འདྲ་བཟོས་པ་བཞིན་ཕྱིར་ཕུད་བྱེད་བཞིན་ཡོད་པའི་གནས་ཚུལ་བརྗོད་ཡོད།
བོད་མི་དེས་མུ་མཐུད་བརྗོད་པའི་ནང་། གྲྭ་བཙུན་རྣམས་སོ་སོའི་ཞིང་ཆེན་ལ་ཕར་ལོག་སྐབས་མི་རེ་ལ་ལམ་གྲོན་ཙམ་རེ་སྤྲད་པ་ལས་ཕ་ཡུལ་དུ་ལོག་རྗེས་ག་པར་བསྡད་དགོས་ཡོད་མེད་སོགས་གོ་སྒྲིག་གང་ཡང་མེད་པར་བརྟེན་གྲྭ་བཙུན་ཚོས་ཡ་ཆེན་སྒར་དང་བྲལ་དགོས་པའི་སྡུག་བསྔལ་ཐོག་ཕ་ཡུལ་དུ་སྡོད་ས་མེད་པའི་དཀའ་ངལ་ཡོད་པ་བརྗོད་སོང་།
གནས་ཚུལ་འདིའི་སྐོར་བོད་ནས་ཁུངས་ལྡན་ཡོང་ཁུངས་གཞན་ཞིག་གིས་བརྗོད་པའི་ནང་། ཁོང་ཚོས་ལོ་མང་རིང་ཡ་ཆེན་སྒར་ནང་བཞུགས་སྟེ་ཉམས་ལེན་གནང་ཡོད་པས་ད་ལྟ་རང་གི་རྩ་བའི་བླ་མ་དང་། ཆོས་གྲོགས། དེ་བཞིན་དགོན་པ་བཅས་དང་ཁ་བྲལ་བ་ནི་བཟོད་ཐབས་མེད་པའི་དཀའ་ངལ་ཞིག་ཡིན་ལ། ད་ལྟའི་གནས་སྟངས་འདིར་མིག་ཆུ་གཏོང་བ་ལས་གཞན་ཐབས་ཤེས་ཅི་ཡང་མེད་ཅེས་བརྗོད་ཡོད།
ཡ་ཆེན་སྒར་དུ་སྤྱི་ལོ་༢༠༡༨་ལོའི་ལོ་འགོ་ནས་བཟུང་རྒྱ་གཞུང་གི་ལས་བྱེད་འཕོན་ཆེན་པོ་ཡོང་ནས་གྲྭ་བཙུན་རེ་རེ་བཞིན་ཕ་ཡུལ་དང་དགོན་པ། ལོ་གྲངས། ཐོབ་ཐང་དཔང་ཡིག ཁ་པར་ཨང་གྲངས། ད་ལྟའི་སྡོད་གནས་བཅས་ཀྱི་གནས་ཚུལ་བསྡུ་རུབ་བྱེད་འགོ་བརྩམས་ཡོད་པ་རེད།