རྒྱ་ནག་གིས་ཤིན་ཅང་ནང་ཉེན་རྟོག་པ་ཇེ་མང་ལ་གཏོང་བཞིན་འདུག


2017.03.07
ཤིན་ཅང་གི་མེ་འཁོར་འབབ་ཚུཊ་སུ་འབར་རྫས་བཞག་པའི་གནས་ཚུལ་བྱུང་རྗེས་ས་གནས་སུ་རྒྱ་ནག་གིས་དམ་དྲག་བྱེད་བཞིན་པའི་རྣམ་པ། ༢༠༡༤།༥ ཤིན་ཅང་གི་མེ་འཁོར་འབབ་ཚུཊ་སུ་འབར་རྫས་བཞག་པའི་གནས་ཚུལ་བྱུང་རྗེས་ས་གནས་སུ་རྒྱ་ནག་གིས་དམ་དྲག་བྱེད་བཞིན་པའི་རྣམ་པ། ༢༠༡༤།༥
AFP

རྒྱ་ནག་གཞུང་གིས་ཐབས་ལམ་འདྲ་མིན་སྤྱད་ནས་ཤིན་ཅང་ནང་བདེ་འཇགས་ཉེན་རྟོག་པ་ཇེ་མང་ལ་གཏོང་བཞིན་ཡོད་འདུག
དེ་ཡང་(AP)་གསར་ཁང་གིས་སྤྱི་ཚེས་༧་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་བྱ་ཡུལ་ཤར་ཏུར་ཀིསི་ཐན་ནམ་ཤིན་ཅང་ནང་གླ་ཆ་མཐོ་པོ་དང་དེ་མིན་གྱི་ཁེ་ཕན་སོགས་སྤྲད་ནས་ཉེན་རྟོག་པ་གང་མང་གསར་འདུ་བྱེད་ཐབས་བྱེད་བཞིན་ཡོད་འདུག  ཤིན་ཅང་(Kashgar)་གྲོང་ཁྱེར་གྱི་སྲིད་གཞུང་གི་དྲ་ཐོག་ཏུ་རེས་གཟའ་མིག་དམར་ཉིན་བརྡ་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་རྒྱལ་ཡོངས་ནས་སྐྱེས་པ་སྟོང་ཕྲག་གསུམ་འཚོལ་འདུ་བྱེད་བཞིན་ཡོད་པ་དང་། ས་གནས་ཀྱི་ཆ་སྙོམས་ཀྱི་གླ་ཆ་ལས་མཐོ་ཙམ་བྱས་སྟེ་མི་རེར་ཟླ་རེ་གླ་ཕོག་སྒོར་སྟོང་ཕྲག་ལྔ་རེ་ནས་འགོ་འཛུགས་བྱ་རྒྱུ་ཡིན་པ་མ་ཟད། སྡོད་གནས་དང་དེ་མིན་གྱི་དགོས་མཁོའི་ཐད་ལའང་མཐུན་རྐྱེན་རོགས་རམ་སྤྲོད་རྒྱུ་ཡིན་ཞེས་བརྗོད་འདུག་ལ། བརྟན་ལྷིང་རྒྱུན་འཛིན་བྱས་པ་ལའང་ཟླ་རེར་རྒྱ་སྒོར་༥༠༠་སྤྲོད་རྒྱུ་ཡིན་པ་བརྗོད་ཡོད་འདུག  ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་གསར་དུ་འདུ་རྒྱུའི་ཉེན་རྟོག་པ་དེ་དག་ཝི་གུར་མ་ཡིན་པ་རྒྱ་རིགས་ཧན་གྱི་མི་རིགས་གསར་འདུ་བྱ་རྒྱུ་ཡིན་འདུག་པར་མ་ཟད།  དམག་ཟུར་ཡིན་པའི་རྒྱ་ཧན་མི་རིགས་ཚོར་སློབ་གྲྭ་ཆེ་བ་ཐོན་པ་ཙམ་གྱི་ཆ་རྐྱེན་ལས་མི་དགོས་པ་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུག
ཟླ་སྔོན་མའི་ནང་། རྒྱ་ནག་ཤིན་ཅང་སྲིད་གཞུང་གིས་ཤིན་ཅང་ནང་དྲག་སྤྱོད་པའི་ལས་འགུལ་སྐོར་ལ་གནས་ཚུལ་མཁོ་སྤྲོད་བྱ་མཁན་ཚོར་ཨ་སྒོར་ཁྲི་༧༣་ཙམ་སྤྲད་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།
ཉེན་རྟོག་པ་གསར་འདུ་བྱེད་བཞིན་པའི་གནས་ཚུལ་འདི་ནི་ཤིན་ཅང་གི་བདེ་འཇགས་ཐད་རྒྱ་ནག་གཞུང་གིས་སྤེལ་བའི་ལས་དོན་ཆེས་གསར་ཤོས་དེ་ཡིན་ཞིང་། དེ་ནི་བར་སྐབས་ཤིན་ཅང་ས་ཁུལ་ནང་རྒྱ་ནག་གཞུང་དང་འབྲེལ་ཡོད་དང་། དེ་བཞིན་ས་གནས་གཞན་ནས་གནས་སྤོ་བྱེད་པའི་རྒྱ་ཧན་མི་རིགས་ཚོའི་ཐོག་དྲག་རྒོལ་ཤུགས་ཆེ་བྱུང་བ་དང་།  རྒྱ་ནག་གཞུང་གིས་དྲག་ལས་སྤེལ་མཁན་ནི་ཝི་གུར་མི་རིགས་ཚོ་ཡིན་པར་ཁ་དཀྲིགས་བྱས་ཡོད་ལ་། ཉེན་རྟོག་པ་གསར་འདུ་བྱ་རྒྱུའི་ལས་དོན་འདི་ནི་གནད་དོན་འདི་རིགས་འགོག་ཐབས་སུ་དམིགས་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཝི་གུར་མི་རིགས་ཚོ་ནི་བོད་ལྟར་སོ་སོའི་ལུང་པའི་ནང་གྲངས་ཉུང་མི་རིགས་ཆགས་ཡོད་པར་མ་ཟད། ཝིོ་གུར་མི་རིགས་ཀྱི་བདེན་དོན་རྩོད་མཁན་ཚོས། རྒྱ་ནག་གཞུང་གིས་རྒྱ་ནག་གི་ས་ཁུལ་གཞན་ནས་ཤིན་ཅང་དུ་ཡོང་མཁན་ཚོར་ལས་ཀ་དང་ཚོང་ལས་སོགས་གང་གི་ཐད་ནས་དམིགས་བསལ་ཐོབ་ཐང་སྤྲད་དེ། ཝི་གུར་མི་རིགས་ཚོ་ཟུར་འབུད་བྱེད་བཞིན་ཡོད་པ་བརྗོད་ཀྱི་ཡོད་ལ། ལྷག་པར་དུ་ཝི་གུར་མི་རིགས་ཚོས་ཁ་ཆེའི་ཆོས་ལུགས་དང་དེ་མིན་རིག་གཞུང་ཉམས་ལེན་བྱ་རྒྱུར་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་བརྗོད་བཞིན་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎