སུན་ ལི་ཅུན་ལ་རྒྱ་ནག་གི་ཁྲིམས་ཁང་ནས་ཁྲིམས་ཞིབ་ཀྱིས་དུས་འགྱངས་ལོ་གཉིས་ཀྱི་སྲོག་ཐོག་ཁྲིམས་ཐག་བཅད་ཡོད་པ།

རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་ལ་ཁ་གཏད་ཕྱོགས་ཁའི་གཏེ་དཔོན་དུ་བརྩི་བའི་སྤྱི་དམངས་བདེ་འཇགས་བློན་ཆེན་གཞོན་པ་ཟུར་པ་Sun Lijunལ་
རྒྱ་ནག་གི་ཁྲིམས་ཁང་ནས་ཁྲིམས་ཞིབ་ཀྱིས་དུས་འགྱངས་ལོ་གཉིས་ཀྱི་སྲོག་ཐོག་ཁྲིམས་ཐག་བཅད་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་གཞིགས་ན་Sun Lijunཡིས་དམར་ཤོག་ཚོགས་པའི་གཅིག་སྒྲིལ་ལ་ཚབས་ཆེན་གྱི་གནོད་སྐྱོན་བཏང་ཡོད་པའི་སྐྱོན་བརྗོད་དང་སྦྲགས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་མ་ཟད་ཆབ་སྲིད་ཀྱི་དབང་ཚད་ཡོངས་རྫོགས་འཕྲོག་རྒྱུ་དང་། སྒེར་གྱི་རྒྱུ་དངོས་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ་ཡིན་འདུག
དེ་ཡང་ལོ་ན་༥༣ཕེབས་པའི་Sun Lijun ལ་ལོ་གཉིས་ཕྱིར་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད་པ་རེད་ལ་དེ་ནི་ལོ་གཉིས་རྗེས་སུ་ཚེ་བཙོན་དུ་འགྱུར་རྒྱུ་ཡིན་པ་དང་དམིགས་བསལ་གནས་སྟངས་གང་འདྲ་ཞིག་གི་འོག་ཡིན་རུང་གློད་གྲོལ་གཏང་མི་སྲིད་པའི་སྐོར་བརྗོད་འདུག
རྒྱ་ནག་གི་ཁྲིམས་ཁང་གིས་ཁོང་ལ་ཀྲུང་གོ་སྒོར་ས་ཡ་༦༤༦ལྐོག་བརྔན་སྤྲོད་ལེན་དང་མ་རྐང་ཁྲོམ་རྭ་ལ་གཡོ་བྱུས་ཀྱི་སྒྱུར་བཅོས་བཏང་བ། དེ་བཞིན་ཁྲིམས་འགལ་གྱི་གོ་མཚོན་བདག་ཉར་བྱེད་པ་སོགས་ནག་ཉེས་བཀལ་ཡོད་པ་རེད།
དེ་ཡང་འདི་ལོ་སྤྱི་ཟླ་༡པའི་ནང་རྒྱ་ནག་གི་སྤྱི་དམངས་བདེ་འཇགས་ལྷན་ཁང་གིས་ཚོགས་འདུ་ཞིག་འཚོགས་ནས་བློན་ཆེན་ཟུར་པ་Sun ལ་སྐྱོན་བརྗོད་དང་སྦྲགས་ཁོང་གི་ཆབ་སྲིད་ཤོག་ཁག་གི་ཤུགས་རྐྱེན་ངན་པ་དེ་རྩ་མེད་དུ་བཟོ་རྒྱུའི་ཐག་གཅོད་བྱས་འདུག
ཡང་བདུན་ཕྲག་འདིའི་ནང་Sun ཁོང་གི་ཆབ་སྲིད་ཕྱོགས་གཏོགས་རེད་ཟེར་བའི་ རྒྱ་ནག་གི་སྲིད་ཁྲིམས་བློན་ཆེན་ཟུར་བ་Fu Zhenghuaདང་གཞན་ཡང་རྒྱ་ནག་ཧྲང་ཧེ་དང་ཁྲུང་ཆིས་། ཧྲང་ཤེ་ཞིང་ཆེན་ཅན་གྱི་ཉེན་རྟོགས་པའི་འགོ་དཔོན་གསུམ་ལ་ཡང་གཅིག་མཚུངས་ཀྱིས་ནག་ཉེས་ཕོག་ཡོད་པ་རེད།
དེ་ཡང་ལོ་ལྔ་རེའི་མཚམས་སུ་ཐེངས་རེ་འཚོག་རྒྱུ་ཡིན་པའི་ཏང་གི་ཚོགས་ཆེན་༢༠པ་མ་སླེབས་གོང་དུ། རྒྱ་ནག་གི་མཚན་སྙན་ཡོད་པའི་ཆེ་མཐོའི་དཔོན་རིགས་གཅིག་རྗེས་གཉིས་མཐུད་ཀྱིས་འཇུ་བཟུང་དང་བཙོན་འཇུག་བྱེད་པའི་གནས་ཚུལ་དམར་ཤོགས་ཚོགས་པས་ཕྱི་བསྒྲགས་བྱེད་སྲོལ་ཡོད་པ་དང་། དེ་ནི་དམར་ཤོགས་ཚོགས་པའི་ཚོགས་མི་གཞན་ཚོར་ཏང་དང་འགོ་ཁྲིད་ལ་བློ་དཀར་དགོས་པའི་དྲན་བསྐུལ་ཞིག་རེད་ཅེས་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག
༢༠༡༧ལོར་ཏང་གི་ཚོགས་ཆེན་༡༩པའི་སྐབས་སུ་སྲིད་འཛིན་ཞི་ཅིན་ཕིང་གིས་ལྐོག་བཟའ་རུལ་སུངས་ལ་རྒོལ་བརྡུང་བྱེད་རྒྱུའི་སྲིད་ཇུས་གཏན་འབེབས་ཀྱི་སྐབས་སུ་སྟག་དང་སྦྲང་མ་མཉམ་གསོད་བྱེད་རྒྱུ་ཡིན་པའི་བཀའ་མོལ་དེ་གནང་ཡོད་པ་རེད། འོན་ཀྱང་ལྐོག་བཟའ་རུལ་སུངས་ལ་དམག་ཐབས་ཀྱི་མིང་ཐོག་ནས་རྒྱ་ནག་གི་དཔོན་རིགས་གོང་འོག་ཚང་མ་ལ་ཆབ་སྲིད་འཐབ་འཛིང་གི་ལག་ཆ་ཞིག་ཀྱང་གྱུར་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་མེད་པའི་ཕྱོགས་ཁ་གཅིག་རྩ་མེད་གཏང་བ་དེས། རྒྱ་ནག་ཏང་གི་ཚོགས་མི་དང་འགོ་ཁྲིད་གཞན་ཚོ་ལ་ཡང་སྲིད་འཛིན་ཞིང་ཅིན་ཕིང་གི་མུ་མཐུད་དབང་ཆ་རྒྱུན་འཛིན་ཐོག་ལ་མ་རང་པ་དང་མི་འདོད་པ་ཡོད་མཁན་ཚོར་བརྡ་ལེན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་པའི་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་དཔྱད་བརྗོད་བྱས་འདུག
གསར་འགོད་པ་ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག