འཛམ་གླིང་སྤྱི་ཡོངས་སུ་ཏོག་གསར་ནད་ཡམས་ཕོག་མཁན་མི་གྲངས་ས་ཡ་ཉེར་གསུམ་ལྷག་བརྒལ་འདུག


2020.08.24
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དྲ་ངོས། ༢༠༢༠།༨།༢༤ འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དྲ་ངོས། ༢༠༢༠།༨།༢༤
དྲ་བཤུས།

འཛམ་གླིང་ཡོངས་སུ་ད་ཆ་རྒྱ་ནག་ནས་ཁྱབ་གདལ་ཕྱིན་པའི་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་དེ་འགོས་པའི་ནད་པ་ས་ཡ་༢༣་ལྷག་ཟིན་ཡོད་པ་དང་ནད་པ་འབུམ་བརྒྱད་ལྷག་རྐྱེན་འདས་སུ་ཕྱིན་འདུག
འཛམ་གླིང་ཡོངས་སུ་ད་ཆ་རྒྱ་ནག་ནས་ཁྱབ་གདལ་ཕྱིན་པའི་ཀོ་ཝིཌ་༡༩་(COVID-19)་ཏོག་དབྱིབས་ནད་ཡམས་དེ་འགོས་པའི་ནད་པ་ས་ཡ་༢༣་ལྷག་ཟིན་པའི་ཁྲོད། ནད་པ་འབུམ་བརྒྱད་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་ནད་ཡམས་དེ་ཐོག་མར་རྒྱ་ནག་ཝུའུ་ཧན་ནས་མཆེད་པ་ནས་བཟུང་ད་བར་འཛམ་གླིང་གི་རྒྱལ་ཁབ་༢༡༠་ནང་ཁྱབ་གདལ་ཕྱིན་ཡོད་པ་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ད་དུང་གནས་ཚུལ་ནང་། ཨ་མི་རི་ཀའི་ཟས་རིགས་དང་སྨན་རྫས་དོ་དམ་ལས་ཁང་གིས། ཏོག་དབྱིབས་ནད་པ་དྲག་སྐྱེད་བྱུང་བའི་མིའི་ཁྲག་ནང་གི་ནད་འགོག་གི་རྫས་བེད་སྤྱོད་བཏང་སྟེ། ཏོག་དབྱིབས་ནད་པར་ཛ་དྲག་གི་སྨན་བཅོས་ཆེད་དུ་བེད་སྤྱོད་བྱ་ཆོག་པའི་བཀའ་ཁྲོལ་གནང་ཡོད་ལ། དེ་བཞིན་སྨན་བཅོས་ཀྱི་ཐབས་ཤེས་དེ་ཨ་རིའི་ནང་ཏོག་དབྱིབས་ནད་པ་ཧ་ཅང་གི་ནད་མནར་ཅན་དང་། ཡང་ན་སྨན་བཅོས་དེའི་ཚོད་ལྟའི་ནང་ཞུགས་མཁན་ལ་བེད་སྤྱོད་གཏོང་ཆོག་པའི་བཀའ་ཁྲོལ་གནང་ཟིན་ཏེ་ད་བར་ཨ་རིའི་མི་དམངས་ཁྲི་བདུན་ལྷག་ལ་བེད་སྤྱོད་བཏང་ཡོད་པ་རེད།
ཨ་རིའི་ཟ་བཅའ་དང་སྨན་རྫས་དོ་དམ་ལས་ཁང་གིས། ད་སྔ་སྨན་བཅོས་ཀྱི་ཐབས་ཤེས་ཚོད་ལྟའི་ནང་ཉེན་ཁ་མེད་པ་བྱུང་ལུགས་བཤད་ཡོད་ཀྱང་ད་དུང་ཕན་ནུས་ར་སྤྲོད་གསལ་པོ་ཐུབ་པ་བཟོ་དགོས་གལ་ཆེ་བའི་སྐོར་གསུངས་ཡོད་པ་རེད།
དེ་ནི་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་(Donald Trump)་མཆོག་གིས། ཨ་རིའི་ཟས་རིགས་དང་སྨན་རྫས་དོ་དམ་ལས་ཁང་གིས་ཆབ་སྲིད་ཀྱི་གནད་དོན་གྱི་ཆེད་དུ། ཀོ་ཝིཌ་༡༩་ཏོག་དབྱིབས་འགོས་ནད་སྔོན་འགོག་གི་སྨན་ཁབ་དང་བཅོས་ཐབས་ལ་འགོག་རྐྱེན་བཟོ་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་བའི་ཉིན་གཅིག་གི་རྗེས་དང་། སྲིད་འཛིན་(Donald Trump)་མཆོག་མུ་མཐུད་ནས་ཨ་རིའི་སྲིད་འཛིན་དུས་ཡུན་གཉིས་པའི་འོས་བསྡུའི་དྲིལ་བསྒྲགས་གནང་ཡུལ་གྱི་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་ཚོགས་འདུའི་སྔ་ནུབ་སྟེ། རེས་གཟའ་ཉི་མའི་ཉིན་ཨ་རིའི་ཟས་རིགས་དང་སྨན་རྫས་དོ་དམ་ལས་ཁང་གིས། ཏོག་དབྱིབས་ནད་པ་དྲག་སྐྱེད་བྱུང་བའི་ནད་འགོག་གི་ནུས་པ་ལྡན་པའི་ཟུངས་ཁྲག་གིས་ཏོག་དབྱིབས་ནད་པར་སྨན་བཅོས་བྱ་ཆོག་པའི་བཀའ་ཁྲོལ་སྤྲད་ཡོད་པ་རེད། འོན་ཀྱང་ཚན་རིག་པ་ཚོས་དེའི་ཕན་ནུས་ལ་དོགས་པ་སྐྱེས་ཀྱི་ཡོད་མུས་ལ་མ་བལྟོས་བར་རེས་གཟའ་ཉི་མའི་ཉིན་སྲིད་འཛིན་མཆོག་གིས་གསར་འགོད་པར། ཐག་གཅོད་དེ་ནི་ངས་དུས་ཡུན་རིང་པོ་ནས་རེ་སྒུག་བྱས་པ་ཞིག་ཡིན་པ་དང་། ཐབས་ལམ་དེ་ཡིས་རྒྱ་ནག་གི་ནད་ཡམས་དེ་ལས་འགྲོ་བ་མི་གྲངས་མེད་ཀྱི་ཚེ་སྲོག་སྐྱོབ་ཐུབ་རྒྱུ་ཡིན་པ་དང་། སྨན་བཅོས་ཐབས་ལམ་དེ་ཧ་ཅང་གི་ནུས་པ་ཆེན་པོ་ཡིན་པར་བརྟེན་ཏོག་དབྱིབས་ནད་པ་དྲག་སྐྱེད་བྱུང་བའི་ཨ་རིའི་མི་དམངས་ཚོས་ཟུངས་ཁྲག་ཞལ་འདེབས་སྤྲོད་དུ་ཡོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎