བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་ནད་དུག་ཅན་གྱི་རྒྱ་རིགས་ནད་པ་གཅིག་ཐོན་ཡོད་པ།
2020.01.30
ཏོག་དབྱིབས་ནད་དུག་གི་ཡོང་ཁུངས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ལྷ་སར་འབྱོར་པ།རང་ལོ་༣༤ཅན་གྱི་ཀྲང་ཟེར་བ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ནི།བོད་རང་སྐྱོངས་ལྗོངས་ཀྱི་ནང་ཏོག་དབྱིབས་ནད་དུག་ཅན་དང་པོ་ཆགས་ཀྱི་ཡོད་ཅིང་།གནས་ཚུལ་དེ་དངོས་བདེན་ཡིན་པ་མ་ཟད་ནད་པ་དེ་རྒྱ་རིགས་ཡིན་པའི་སྐོར།ལྷ་སའི་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང།
ཡང་བོད་ནང་གི་བོད་མི་ཞིག་གིས་ཕོ་བྲང་པོ་ཏཱ་ལའི་མདུན་བརྙན་བླངས་ཏེ་གསལ་བཤད་བྱས་པའི་ནང་།བོད་ཀྱི་རྒྱལ་ས་ལྷ་སའི་མཇལ་ས་དང་དབུས་གཙང་ཕྱོགས་ཀྱི་དགོན་སྡེ་ཡོངས་རྫོགས་སྒོ་བརྒྱབས་ཡོད་པ་མ་ཟད།སྤྱི་ཚེས་༣༡ཉིན་ནས་ལྷ་ས་ནས་མཇལ་བ་དང་ཡུལ་སྐོར་བ་ཡོངས་རྫོགས་སོ་སོའི་ཕ་ཡུལ་དུ་ཕྱིར་ལོག་བཏང་གི་ཡོད་པ་རེད།
ད་བར་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་ཕོག་པའི་ནད་པ་༧༧༡༡་དང་འདས་གྲོངས་ཕྱིན་པ་༡༧༠་བར་འཕར་ཡོད་པ་རེད་འདུག་
ཡང་གོང་ཞུས་གནས་ཚུལ་འདི་དང་འབྲེལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ནས། བོད་ནང་གི་མདོ་སྟོད་སྨད་ཀྱི་ས་ཁུལ་དང་བོད་ཀྱི་རྒྱལ་ས་ལྷ་ས་བཅས་སུ་ད་ཆ་ན་ཚ་དེ་དངོས་སུ་སླེབས་ཡོད་པས།ན་ཚ་ལ་སྔོན་འགོག་ཐབས་ལམ་བསྟེན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ན་ཚ་ཁྱབ་བརྡལ་གྱི་ས་ཁུལ་ཁག་གི་མི་མང་ལ་ཉིན་རེ་བཞིན་འབྲེལ་འདྲེས་བྱེད་དགོས་པར་བརྟེན།བོད་ནང་གི་བོད་མིའི་གནས་སྟངས་ཉེན་ཁ་ཆེན་པོ་ཆགས་ཡོད་པས། རང་དོན་རང་གཅེས་ཀྱིས་སྔོན་འགོག་དང་མང་ཚོགས་ཀྱི་སེམས་ལྷོད་ལྷོད་གནང་གལ་གྱི་ཐོག ༧གོང་ས་མཆོག་གིས་བཀའ་ཕེབས་བཞིན་སྒྲོལ་མའི་གཟུངས་སྔགས་དང་།ས་སྐྱ་གོང་མ་རིན་པོ་ཆེས་བཀའ་ཕེབས་བཞིན་ལོ་མ་གྱོན་མའི་གཟུངས་སྔགས་བསག་གལ་ཆེ་ཞེས་འབོད་སྐུལ་གནང་གི་འདུག་ཅིང་།ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༧གོང་ས་ཆེན་པོའི་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་སྤྱི་ཚེས་༣༠ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཏོག་དབྱིབས་ནད་ཡམས་འདི་འཛམ་གླིང་སྤྱི་དང་སྒོས་རྒྱ་གར་དང་བོད་བཅས་སུ་ཁྱབ་གདལ་སྔོན་འགོག་ཆེད།བླ་མ་ལྷའི་ཐུགས་དམ་གྱི་དགོངས་དོན།ཐུབ་པའི་མཚན་སྔགས་འགྲོ་གང་ཆེ་དང་མ་ཎི་དུང་ཕྱུར། སྒྲོལ་མའི་མཚན་སྔགས་ཡིག་གེ་བཅུ་པ།བཀའ་འགྱུར་དག་སྒྲོག རྡོ་རྗེ་རྣམ་འཇོམས་མའི་སྒོ་ནས་རྟེན་ཁྲུས་ཡུལ་ཁྲུས།འདོད་ཁམས་བདག་མོའི་བསྐང་བ་དང་འབྲེལ་བའི་མ་མོའི་འཁྲུགས་སྐོང་།པདྨའི་མནོལ་བསངས་བཅས་འཕྲལ་དུ་བསྒྲུབ་དགོས་ཕེབས་བྱུང་ན།གཟུངས་སྔགས་ཁག་མང་ཚོགས་རང་རང་སོ་སོ་ནས་དང་། གཞན་རྣམས་དགོན་སྡེ་དང་གྲོང་སྡེ་སྤྱི་ཚོགས་བཅས་ནས་རང་དོན་རང་གཅེས་ཀྱིས་འཕྲལ་བསྒྲུབ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།