ལྷ་སའི་དབོན་ཞང་རྡོ་རིང་ཐོག་འཛུགས་བསྐྲུན་གྱི་ལས་གཞི་ཞིག་སྤེལ་བཞིན་འདུག


2020.04.30
བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༢༠།༤།༣༠ བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༢༠།༤།༣༠
བོད་འབྱོར།

ལྷ་སའི་བར་སྐོར་ནང་འགྲོ་བསྐྱོད་བཀག་རྒྱ་ལྷོད་པ་དང་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་དབོན་ཞང་རྡོ་རིང་ཐོག་འཛུགས་བསྐྲུན་གྱི་ལས་གཞི་ཞིག་སྤེལ་བཞིན་ཡོད་འདུག
རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་འདས་པའི་ཟླ་བ་གཉིས་ལྷག་ཙམ་རིང་ལྷ་སའི་བར་སྐོར་ནང་འགྲོ་བསྐྱོད་ཡོངས་སུ་བཀག་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གིས་གནས་ཚུལ་ཤེས་རྟོགས་བྱུང་དོན་ལྟར་ན། ཕྱི་ཟླ་ ༤ ་ཚེས་ ༢༨ ་ཉིན་ནས་ལྷ་སའི་བར་སྐོར་ནང་འགྲོ་བསྐྱོད་བཀག་རྒྱ་ལྷོད་ཡོད་པ་དང་། བོད་མི་མང་པོ་ཕྱག་འཚལ་བསྐོར་སྦྱོང་ཆེད་བསྐྱོད་བཞིན་ཡོད་འདུག ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་པར་དང་བཅས་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་དོན་ལྟར་ན། ལྷ་སའི་བར་སྐོར་ནང་འགྲོ་བསྐྱོད་བཀག་པའི་རིང་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་ལོ་རྒྱུས་རང་བཞིན་ཅན་གྱི་དབོན་ཞང་རྡོ་རིང་ཐོག་འཛུགས་བསྐྲུན་གྱི་ལས་གཞི་ཞིག་སྤེལ་བཞིན་ཡོད་འདུག
ལོ་རྒྱུས་ནང་གསལ་བར་གཞིགས་ན། བོད་ཀྱི་བཙན་པོ་མངའ་བདག་ཁྲི་རལ་པ་ཅན་དང་། རྒྱ་ནག་ཐང་རྒྱལ་རབས་ཀྱི་གོང་མ་མུའུ་ཙུང་གཉིས་དབར་གྱི་སྐུ་ཚབ་དབར་ཕྱི་ལོ་ ༨༢༡ ་ལོར་རྒྱ་ནག་གི་སྐབས་དེ་དུས་ཀྱི་རྒྱལ་ས་ཁྲང་ཨན་དུ་མནའ་ཆིངས་མཛད་ཅིང་ས་མཚམས་བཅད་དེ། གཙིགས་ཀྱི་ནང་དོན་རྣམས་རྡོ་རིང་ལ་བརྐོས་ཤིང་བཙུགས་པ་དང་། ལྷ་ས་གཙུག་ལག་ཁང་གི་རྡོ་རིང་འདི་ནི་སླར་ཡང་ཕྱི་ལོ་ ༨༢༢ ་ལོར་བོད་དང་ཐང་གི་ཞི་དྲག་གི་དཔོན་རིགས་རྣམས་བོད་ཀྱི་རྒྱལ་ས་ལྷ་སར་འཚོགས་ནས་མཇལ་དུམ་གྲོས་མོལ་གནང་ཞིང་། མནའ་ཆིངས་གྲུབ་སྟེ་མངའ་བདག་ཁྲི་རལ་གྱི་ཁྲི་ལོ་དགུ་པ་བོད་ཆུ་ཡོས་སྤྱི་ལོ་ ༨༢༣ ་ལོར་བོད་རྒྱ་མནའ་ཆིངས་ཀྱི་ནང་དོན་རྡོ་རིང་ལ་བརྐོས་ནས་ལྷ་ས་གཙུག་ལག་ཁང་གི་མདུན་དུ་བཙུགས་པའི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་རྡོ་རིང་དེ་ཡིན་པ་རེད། རྡོ་རིང་དེའི་ཕྱོགས་བཞི་ཀར་ཡིག་བཀོད་ཡོད་པ་དེ་དག་གི་ནང་བོད་རྒྱའི་དབར་གྱི་འབྲེལ་བ་དང་ས་མཚམས་སུ་དམག་འཁྲུག་བྱུང་བ། ཆིངས་འགྲིག་ནང་ཞུགས་མཁན་བོད་རྒྱའི་དཔོན་རིགས་ཚོའི་མིང་བཅས་གསལ་ཡོད་ཅིང་། དེ་སྔོན་ཡིན་གཙུག་ལག་ཁང་དུ་བསྐྱོད་མཁན་ཚང་མས་རྡོ་རིང་ཐོག་གི་ཡི་གེ་དེ་དག་ལྟ་ཀློག་ཐུབ་ཀྱི་ཡོད་ན་ཡང་། ད་ཆ་རྡོ་རིང་མཐའ་བསྐོར་གྱི་བཀོད་དབྱིབས་འཛུགས་བསྐྲུན་བྱེད་བཞིན་པ་དེས་རྡོ་རིང་གི་ཉེ་འཁྲིས་སུ་འགྲོ་མ་ཐུབ་པ་ཆགས་རྒྱུ་ཡིན་པ་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་མིང་འབོད་མ་གནང་པའི་བོད་མི་དེས་གསུངས་བྱུང་།
དེ་བཞིན་ཡང་གཙུག་ལག་ཁང་གི་ཕྱི་རུ་མེ་ཏོག་ལྡུམ་རྭ་ཞིག་ཡོད་པ་དེའི་ཐོག་ལ་འཛུགས་བསྐྲུན་གྱི་ལས་གཞི་ཞིག་སྤེལ་བཞིན་འདུག་པ་དེ་ནི། ཆུ་མཛོད་ཞིག་གསར་རྒྱག་གི་ལས་གཞི་སྤེལ་བཞིན་ཡོད་པ་གནས་ཚུལ་འབྱུང་ཁུངས་དེར་མི་གཞན་གྱིས་འགྲེལ་བརྗོད་བྱས་འདུག
སྔར་བཙན་པོ་སྲོང་བཙན་སྒམ་པོས་སྤྱི་ལོ་ ༦༤༡ ་ལོར་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་ཁབ་ཏུ་བསུས་པ་དང༌། ཁྲི་ལྡེ་གཙུག་བཙན་གྱིས་སྤྱི་ལོ་ ༧༡༠ ་ལོར་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བཙུན་མོར་བསུས་ནས་བོད་རྒྱ་གཉེན་དུ་འབྲེལ་ཏེ་དབོན་ཞང་དུ་གྱུར་པས་མིང་དེ་ལྟར་ཐོགས་ཤིང་། དབོན་ཞང་རྡོ་རིང་འདིར་མིང་གི་རྣམ་གྲངས་བཞི་ཙམ་ཡོད་དེ། དབོན་ཞང་རྡོ་རིང་དང༌། ཁྲང་ཆིང་རྡོ་རིང༌། རྒྱ་བོད་མཐུན་འབྲེལ་རྡོ་རིང༌། ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་བཙུགས་པར་བརྟེན་ལྷ་སའི་རྡོ་རིང་ཞེས་ཀྱང་འབོད་སྲོལ་ཡོད་པ་རེད།
རྡོ་རིང་ཡི་གེའི་ནང་དོན་གཙོ་བོར། བོད་རྒྱ་གཉིས་ཀྱི་ས་མཚམས་བཅད་པ་དང་། དེར་ཕྱོགས་གཉིས་པོས་གུས་བརྩི་དགོས་ཐོག། སླར་ཡང་དམག་མི་འཐབ་པ་སོགས་འཁོད་ཡོད་ལ། མནའ་སྐྱེལ་མཐོ་གཙིགས། ཉི་ཟླ་གཟའ་སྐར་དཔང་དུ་གསོལ་ཏེ། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཞེས་སོགས་ཀྱི་ཐ་ཚིག་བསྒྲགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎