ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་རྒྱ་ནག་ནས་རྒྱལ་ཁབ་༦༠་ལྷག་གི་ནང་ཁྱབ་འདུག
2020.03.02

རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ད་ཆ་རྒྱ་ནག་གཙོས་རྒྱལ་ཁབ་༦༠་ལྷག་གི་ནང་ཁྱབ་ནས་ཁྱོན་ནད་པ་མི་གྲངས་༣༠༠༠་ལྷག་གྲོངས་འདུག
འདི་ཚེས་༢་རེས་གཟའ་ཟླ་བ་བར། རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(COVID-19)་ནད་ཡམས་དེ་རྒྱ་ནག་ནས་ཉི་ཧོང་དང་། ཀོ་རི་ཡ། ཨེ་ཊ་ལེ། ཨི་རན། ཨ་མི་རི་ཀ་བཅས་རྒྱལ་ཁབ་ཁག་༦༠་ལྷག་གི་ནང་ཁྱབ་པ་དང་། ཁྱོན་ད་བར་ནད་པ་མི་གྲངས་༨༩༡༩༧་ལྷག་བྱུང་བའི་ཁྲོད་ནད་པ་མི་གྲངས་༣༠༤༨་ལྷག་གྲོངས་ཡོད་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ནད་ཡམས་དེ་འགོས་ཡོད་མཁན་ཚོར་དགོས་ངེས་དབུགས་གཏོང་བྱེད་ཀྱི་འཕྲུལ་ཆས་འདང་ངེས་གསོག་འཇོག་གནང་དགོས་པའི་འབོད་སྐུལ་གནང་འདུག
རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཧུའུ་པེ་ཞིང་ཆེན་ནང་གི་ནད་པ་མི་གྲངས་ ༤༢ ་གྲོངས་ཡོད་པ་དང་། དཀྱིལ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཨི་རན་ནང་ནད་ཡམས་དེའི་འོག་མི་གྲངས་ ༡༢ ་གྲོངས་འདུག
ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་(Washington)་ནང་ནད་ཡམས་དེ་ཕོག་མཁན་མི་གཉིས་གྲོངས་འདུག གཞན་ཡང་ལྷོ་ཀོ་རི་ཡའི་ནང་ནད་ཡམས་དེ་ཕོག་མཁན་ད་བར་མི་གྲངས་༤༠༠༠་ལྷག་བྱུང་ཡོད་པ་ནི་རྒྱ་ནག་གི་རྗེས་ནད་པ་མང་ཤོས་དེ་ཆགས་ཀྱི་ཡོད་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། འདི་གའི་ཚེས་ ༢ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དེ་སྤྱི་ཟླ་ ༢ ་ཚེས་ ༡༢་ཉིན་ནད་གཞི་སངས་དྲག་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཐོན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༧༨། དེ་དག་ལས་རྟའུ་རྫོང་ཁོངས་སུ་ནད་པ་༧༣་དང་། དར་རྩེ་མདོ་རུ་ནད་པ་༢། གསེར་རྟ་ལ་ནད་པ་༢། འདབ་པ་ལ་ནད་པ་༡་བཅས་བྱུང་འདུག རྔ་བ་ཁུལ་དུ་༡། ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ ་བཅས་བྱུང་འདུག
ཁམས་རྟའུ་ནི་བོད་ཀྱི་ས་ཁུལ་ནང་ཏོག་དབྱིབས་ནད་འབུ་གསར་པ་ཁྱབ་གདལ་མང་ཤོས་བྱུང་བའི་ས་ཁུལ་དེ་ཡིན་ནའང་འདས་པའི་ཉིན་གྲངས་གསུམ་རིང་དཀར་མཛེས་རང་སྐྱོང་ཁུལ་གྱི་གཞུང་འབྲེལ་དྲ་ལམ་སོགས་སུ་གསར་དུ་ནད་དེ་ཕོག་མཁན་བྱུང་མེད་པ་དང་། ནད་པ་ ༤༧ དྲག་བསྐྱེད་བྱུང་བ་གནས་ཚུལ་སྤེལ་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༣ ་པའི་ཚེས་ ༢་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་༨༩༢༥༤་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། ༼དེའི་ཁྲོད་སྨན་པ་དང་སྨན་ཞབས་༣༣༩༠་ལྷག་ཡོད༽ དེའི་ཁྲོད་ཀྱི་ནད་པ་མི་གྲངས་༣༠༤༨་ཙམ་གྲོངས་འདུག་ལ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༦༠་ཙམ་གྱི་ནང་ནད་ཡམས་དེ་ཁྱབ་ཡོད་འདུག