དཀར་མཛེས་རྟའུ་རྫོང་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་དགུ་ཇེ་མང་དུ་སོང་འདུག


2020.02.12
བོད་ནང་བོད་མི་ཞིག་གི་ཚ་ཚད་རྟག་བཞིན་པ། ༢༠༢༠།༢ བོད་ནང་བོད་མི་ཞིག་གི་ཚ་ཚད་རྟག་བཞིན་པ། ༢༠༢༠།༢
བོད་འབྱོར།

དཀར་མཛེས་ཁུལ་རྟའུ་རྫོང་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་དགུ་ཇེ་མང་དུ་སོང་ཡོད་པ་དང་ཆོས་ལུགས་བྱེད་སྒོ་ཡོད་ཚད་གནས་སྐབས་མཚམས་འཇོག་བྱས་འདུག
དེ་ཡང་རྒྱ་ནག་གིས་བརྗོད་བཞིན་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་ལྷན་ཁང་གི་གཞུང་འབྲེལ་དྲ་རྒྱ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་༢་པའི་ཚེས་༡༡་གི་ཆུ་ཚོད་ཉེར་བཞིའི་རིང་། དཀར་མཛེས་ཁུལ་རྟའུ་རྫོང་དུ་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(coronavirus)་ཞེས་པའི་ནད་ཡམས་ཕོག་ཡོད་པའི་ནད་པ་དགུ་ཇེ་མང་དུ་སོང་ཡོད་པ་དང་། དེ་དག་ཚང་མ་རྟའུ་རྫོང་གི་མི་ཡིན་ཞིང་། དེའི་ཁྲོད་བུད་མེད་༣་དང་སྐྱེས་པ་༦་ཡོད་འདུག་ལ་ཆེ་ཤོས་ནི་༧༢་དང་ཆུང་ཤོས་༣་ཡིན་འདུག
དེ་ལྟར་ད་ལྟ་དཀར་མཛེས་ཁུལ་ཁྱོན་ཡོངས་སུ་བསྡོམས་ནད་པ་༣༦་བར་འཕར་ཡོད་པ་དང་། དེ་དག་ནི་རྟའུ་རྫོང་དུ་༣༡་དང་། དར་མདོ་རུ་ནད་པ་༢ གསེར་རྟ་རུ་ནད་པ་༢ འདབ་པ་རུ་ནད་པ་༡་བཅས་ཡོད་འདུག དེའི་ནང་ནས་ནད་པ་༢་དྲག་སྐྱེད་བྱུང་ནས་སྤྱི་ཟླ་༢་པའི་ཚེས་༡༠་ཉིན་སྨན་ཁང་ནས་ཕྱིར་ཐོན་ཡོད་འདུག གོང་ཞུས་དཀར་མཛེས་ཁུལ་རྟའུ་རྫོང་དུ་གསར་དུ་ཐོན་པའི་ནད་པ་དགུ་དེ་དག་གི་རུས་མིང་དང་གནས་ཡུལ་ཕྱིར་བསྒྲགས་བྱས་མེད་ཀྱང་ ཚང་མ་བོད་མི་ཡིན་པ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་པ་རེད།
དེ་ལྟར་ཟི་ཁྲོན་ཞིང་ཆེན་ནང་ཏོག་དབྱིབས་ནད་འབུ་གསར་བ་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་སྐབས་སུ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡོད་ཚད་བཀག་སྡོམ་དོ་དམ་བྱ་རྒྱུ་ཡིན་པ་ཞིང་ཆེན་དེའི་མི་རིགས་ཆོས་ལུགས་ལྷན་ཁང་ཞེས་པ་དེས་བརྡ་ཐོ་ཞིག་བཏོན་པའི་ནང་བཀོད་འདུག དེའི་ནང་ནད་ཡམས་དེ་མ་ཞི་བར་དུ་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་། ཆོས་ལུགས་སློབ་གླིང་བཅས་ཚང་མར་བཀག་སྡོམ་དོ་དམ་ལག་བསྟར་གྱིས་ མང་ཚོགས་ལ་སྒོ་འབྱེད་མི་ཆོག་པ་དང་། ཆོས་ལུགས་སློབ་གླིང་ཚང་མས་སློབ་ཚུགས་དུས་འགྱངས་བྱས་ཏེ་སློབ་གྲྭར་ཕྱིར་ལོག་མི་ཆོག་པ། དགེ་རྒན་དང་ལས་བྱེད་པ་གང་འདོད་ཕྱི་རུ་འགྲོ་མི་ཆོག་པ། དེ་བཞིན་ཆོས་ལུགས་བྱེད་སྒོར་ཞུགས་མི་ཆོག་པ་སོགས་འདུ་འཛོམས་རིགས་བཀའ་འགོག་བྱེད་ཀྱི་ཡོད་འདུག
དེ་ལྟར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར། འདི་གའི་ཚེས་ ༡༢ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་དང་། མཚོ་སྔོན་ཟི་ལིང་དུ་ ༡༥ མཚོ་བྱང་ཁུལ་དུ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་༣༦་༼དེའི་ནང་༣༡་རྟའུ་རྫོང་ནས་ཡིན༽ རྔ་བ་ཁུལ་དུ་༡ ཀན་ལྷོའམ་མདོ་ལྷོ་ཁུལ་དུ་ ༦ ་བཅས་བྱུང་འདུག
ད་བར་རྒྱ་ནག་གིས་བརྗོད་བཞིན་པའི་བོད་མི་འདུས་སྡོད་ས་ཁུལ་ལྗོངས་དང་ཞིང་ཆེན་ལྔའི་ནང་ཏོག་དབྱིབས་ནད་འབུ་འགོས་བའི་ནད་པ་མང་ཤོས་དཀར་མཛེས་དང་དེའི་ནང་ནས་རྟའུ་རྫོང་ཕྱོགས་སུ་ཛ་དྲག་ཡིན་པས། བོད་མི་ཚོས་བོད་ནང་སྨན་བཅོས་ཆ་རྐྱེན་སོགས་ཞན་པའི་གནས་སྟངས་འོག་སྔ་ས་ནས་གཟབ་ནན་མ་བྱས་ན་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་བློ་འཚབ་བྱེད་བཞིན་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ པའི་ཚེས་ ༡༢ ་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་ ༤༥༢༠༦་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༡༡༡༨ ་ལྷག་གྲོངས་འདུག་ལ་འཛམ་གླིང་གི་ཡུལ་གྲུ་ཁག་༢༥་ཙམ་གྱི་ནང་ནད་ཡམས་དེ་ཁྱབ་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎