ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་གཉིས་མང་དུ་སོང་འདུག
2020.02.05
ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་༢་མང་དུ་སོང་ནས་ད་ལྟའི་ཆར་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་བསྡོམས་ནད་པ་༡༧་བར་འཕར་འདུག
དེ་ཡང་སྤྱི་ཟླ་༢་ཚེས་༤་ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཟླ་༢་བའི་ཚེས་༤་ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་གཉིས་གསར་དུ་ཐོན་པ་གཏན་འཁེལ་བྱས་ཡོད་པ་དང་། ནད་རྟགས་གཏན་འཁེལ་བྱས་པའི་ནང་། ད་ཆ་ཟི་ལིང་གྲོང་ཁྱེར་དུ་ནད་པ་༡༤་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་༣་ཡོད་པ་རེད། ནད་པ་དེ་དག་དང་འབྲེལ་བ་ཉེ་བོ་བྱས་མྱོང་བ་མི་གྲངས་༣༣༡་ཟིན་པ་དང་། ཁོང་ཚོར་ཉིན་ལྟར་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད་པ་སོགས་འཁོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར། འདི་གའི་ཚེས་༥་ཉིན་བར་བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་གཅིག་དང་། མཚོ་སྔོན་ཟི་ལིང་དུ་༡༤ མཚོ་བྱང་ཁུལ་དུ་༣ སི་ཁྲོན་དཀར་མཛེས་སུ་༨ རྔ་བ་ཁུལ་དུ་༡ ཀན་ལྷོའམ་མདོ་ལྷོ་ཁུལ་དུ་གཅིག་བཅས་བྱུང་ཡོད་པ་རེད།
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ ་པའི་ཚེས་ ༥ ་ཉིན་གྱི་ཞོགས་པ་བར། རྒྱ་ནག་ཏུ་མི་གྲངས་ ༢༤༦༠༤་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༤༩༤་གྲོངས་ཡོད་འདུག དེ་མིན་ད་དུང་མི་གྲངས་ ༢༣༢༦༠ ་ལྷག་ལ་ནད་ཡམས་དེ་འགོས་པའི་དོགས་པ་བྱེད་བཞིན་པ་རེད།