རྒྱལ་ཁབ་མང་པོས་སོ་སོའི་མི་སེར་རྣམས་རྒྱ་ནག་ནས་ཕྱིར་འཐེན་བྱེད་བཞིན་འདུག
2020.01.31
རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུའི་ནད་ཡམས་མུ་མཐུད་དུ་རྒྱ་ཡན་དུ་ཁྱབ་བཞིན་ཡོད་པས་རྒྱབ་ཁབ་མང་པོས་སོ་སོའི་ཕྱི་འབྲེལ་མི་སྣ་དང་མི་སེར་རྒྱ་ནག་ནས་ཕྱིར་འཐེན་བཞིན་འདུག
འདི་གའི་ཟླ་ ༡ ་པོའི་ཚེས་ ༣༡ ་གི་ཞོགས་པའི་ཆུ་ཚོད་ ༧ ་དང་ཕྱེད་ཀའི་བར། རྒྱ་ནག་ཏུ་མི་གྲངས་ ༡༠༠༠༠ ཙམ་ལ་ནད་ཡམས་དེ་འགོས་ཡོད་པ་དང་། མི་གྲངས་ ༢༡༣་གྲོངས་འདུག དེ་མིན་མི་གྲངས་ ༡༢༠༠༠ ་ལྷག་ལ་ནད་ཡམས་འགོས་པའི་དོགས་པ་ཡོད་པའི་གནས་ཚུལ་ཐོན་འདུག
འདི་ཚེས་ ༣༠འི་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུའི་རིམས་ནད་གནས་སྟངས་དེ་རྒྱལ་སྤྱིའི་དོ་སྣང་བྱེད་དགོས་པའི་གློ་བུར་དུ་བྱུང་བའི་ཐུན་མོང་གི་འཕྲོད་བསྟེན་དོན་རྐྱེན་དུ་ངོས་འཛིན་དང་གསལ་བསྒྲགས་བྱས་པ་ཆབས་ཅིག་ནད་ཡམས་དེའི་ཛ་དྲག་དང་། ཉེན་ཁའི་ཚད་གཞི་ཇེ་མཐོར་ཕྱིན་པ་རེད། དེ་དང་འགྲོས་མཉམ་གྱིས་འཛམ་གླིང་རྒྱལ་ཁབ་མང་པོས་སོ་སོའི་ཕྱི་འབྲེལ་མི་སྣ་དང་། མི་སེར་རྒྱ་ནག་ཝུའུ་ཧན་ནས་ཕྱིར་འཐེན་བྱས་དང་བྱེད་བཞིན་ཡོད་ཅིང་། དེ་ཡང་ཨ་རི་དང་ཉི་ཧོང་། ཧྥ་རན་སི། ལྷོ་ཀོ་རེ་ཡ། ཨོ་སི་ཊི་རེ་ལེ་ཡ། དབྱིན་ཇི་སོགས་རྒྱལ་ཁབ་ཀྱིས་སོ་སོའི་ཕྱི་འབྲེལ་མི་སྣ་དང་མི་སེར་ཝུའུ་ཧན་ནས་ཕྱིར་འཐེན་བྱས་ཡོད་པ་དང་། གཞན་འཇར་མན་སོགས་རྒྱལ་ཁབ་མང་པོས་མ་འོངས་པའི་ཉིན་ཤས་ནང་ཕྱིར་འཐེན་བྱ་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་རེད།
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་ཡིན་གྱིས་ཚེས་ ༣༡ ་ཉིན་གྱི་འཆར་ཅན་གསར་འགོད་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་དགོས་འདུན་ལྟར། རྒྱ་ནག་གཞུང་གིས་ཚེས་ ༣༡ ་ཉིན་གནམ་གྲུ་གཉིས་རྒྱ་ནག་ཞཱ་མིན་གྲོང་ཁྱེར་ནས་ཆེད་དུ་བཏང་ཏེ། ཐེ་ལེན་ཊའི་དང་། མཱ་ལེ་ཞི་ཡར་ལྷག་པའི་ཝུའུ་ཧན་གི་མི་རྣམས་ཕྱིར་འཐེན་བྱས་ནས་ཐད་ཀར་ཝུའུ་ཧན་དུ་སྐྱེལ་རྒྱུ་ཡིན་པ་རེད།
དེ་མིན་ཨ་རི་དང་ཉི་ཧོང་སོགས་ཀྱི་ཝུའུ་ཧན་གྱི་ཏོག་དབྱིབས་ནད་དུག་གི་ཉེན་ཁའི་ཚད་རིམ་ཇེ་མཐོར་བཏང་བ་དང་མཉམ་དུ། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཚེས་ ༣༠འི་ཉིན་བརྡ་ཁྱབ་བཏང་ནས། ཝུའུ་ཧན་གྱི་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་ཨ་རིའི་མི་སེར་ཚོ་རྒྱ་ནག་ལ་མ་འགྲོ་ཞེས་ཉེན་བརྡ་ཡོངས་བསྒྲགས་ཡོད་པ་རེད།
གཞན་ཡང་རྒྱ་ནག་དང་ས་འབྲེལ་ཅན་གྱི་རྒྱལ་ཁབ་ཚོས་ཀྱི་དོགས་ཟོན་ཆེན་པོ་བྱེད་ཀྱིན་ཡོད་པ་དང། ཨུ་རུ་སུས་རྒྱ་ནག་དང་ཨུ་རུ་སུའི་བར་གྱི་འགག་སྒོ་གསུམ་ཟླ་ ༢ ་པའི་ཚེས་ ༧ ་བར་སྒོ་རྒྱག་རྒྱུ་ཡིན་པ་རེད།
རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་ཁྱབ་ཚད་འཛམ་གླིང་རང་བཞིན་གྱི་ཛ་དྲག་ལ་གསལ་བསྒྲགས་བྱས་བ་སོགས་ཀྱི་གནས་སྟངས་འོག རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་མཁའ་འགྲུལ་ལས་ཁང་ཁག་མང་པོས་རྒྱ་ནག་ནང་གནམ་གྲུ་འཕུར་བསྐྱོད་མཚམས་འཇོག་དང་ཚད་བཀག་བྱེད་བཞིན་འདུག
རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧྥ་རན་སའི་(Air France)་ཞེས་ཧྥརན་སི་མཁའ་འགྲུལ་ལས་ཁུངས་དང་། ཇར་མན་གྱི་(Lufthansa) ཨབ་རི་ཀའི་(Egypt)་དང་(Kenya)་གནམ་གྲུ། དབྱིན་ཇིའི་(British Airway)་ཞེས་པའི་དབྱིན་ཡུལ་གྱི་གནམ་གྲུ་སྲི་ཞུ་ལས་ཁང་བཅས་ཀྱིས་ཕྱི་ཚེས་༣༠ནས་བཟུང་ཕྱི་ཟླ་༢་པའི་ཚེས་༡༤་བར་རྒྱ་ནག་ནང་ཡོངས་སུ་འགྲུལ་སྐྱེལ་གནམ་གྲུ་འཕུར་བསྐྱོད་མཚམས་འཇོག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག
ནམ་ཡམས་དེ་ད་ལྟའི་ཆར་རྒྱ་ནག་གི་ཕྱི་ལ་རྒྱལ་ཁབ་༢༠་ཙམ་གྱི་ནང་ཁྱབ་ཡོད་པ་དང་། འདི་ཚེས་༣༠་ཉིན་དབྱིན་ཡུལ་ནང་མི་གཉིས་དང་། ཨེ་ཊ་ལིའི་མི་གཉིས་ལ་ནད་འབུ་དེ་འགོས་ཡོད་པ་ར་སྤྲོད་བྱུང་འདུག་ལ། རྒྱ་གར་གྱི་ཀེ་ར་ལ་(Kerela)་མངའ་སྡེ་ནང་དུའང་རྒྱ་ནག་ཝུའུ་ཧན་ནས་ཕྱིར་ལོག་བྱུང་བའི་རྒྱ་གར་གྱི་སློབ་ཕྲུག་ཞིག་ལའང་ནད་འབུ་དེ་འགོས་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད༎