བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་ནད་འབུ་འགོས་བའི་ནད་པ་ཐོག་མ་རྩད་ཆོད་བྱུང་འདུག
2020.01.29
རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་ཕོག་པའི་ནད་པ་༧༧༣༦་དང་གྲོངས་མཁན་༡༧༠་བར་འཕར་ཡོད་པ་དང་ལྷ་སར་ནད་ཡམས་དེ་ཡོད་མཁན་ཐོག་མ་རྩད་ཆོད་བྱུང་འདུག
རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁོངས་བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་ནད་འབུ་འགོས་ཡོད་པའི་ནད་པ་ཐོག་མ་གཏན་འཁེལ་བྱས་འདུག ནད་པ་དེ་ཟླ་༡ཚེས་༢༢་ཉིན་ཝུའུ་ཧན་ཝུའུ་ཁྲང་ནས་མེ་འཁོར་དུ་བསྡད་ནས་ཟི་ལིང་བརྒྱུད་ཚེས་༢༤་ཉིན་ལྷ་སར་འབྱོར་འདུག
ད་དུང་གནས་ཚུལ་ནང་། ཁོང་དང་མཉམ་དུ་འགྲུལ་བཞུད་བྱེད་མཁན་མེ་འཁོར་གི་འཁོར་སྒམ་གཅིག་པའི་འགྲུལ་མི་ཚོར་འགོས་ནད་འགོག་བཅོས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འགོག་སྲུང་བྱ་ཐབས་སྤྱོད་རྒྱུ་དང་། ཁོང་དང་མཉམ་ཡོད་མི་སྣས་འཕྲལ་མ་ཉིད་དུ་གནས་སའི་སྡེ་ཁུལ་དུ་ཐོ་འགོད་བྱེད་དགོས་པ་དང་། སྡེ་ཁུལ་གྱིས་འཕྲལ་མ་ཉིད་དུ་རང་གནས་སའི་ནད་ཡམས་ཚོད་འཛིན་ལྟེ་གནས་ལ་སྙན་སེང་ཞུ་དགོས་པ་མ་ཟད། རྒྱུན་མཐུད་གནས་ཚུལ་སྙན་སེང་ཞུ་དགོས་པ་སོགས་འཁོད་འདུག
ད་བར་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་དབྱིན་སྐད་ལ་(coronavirus)་ཕོག་པའི་ནད་པ་གྲངས་༧༧༣༦་བར་འཕར་བའི་ཁྲོད་ནད་པ་མི་གྲངས་༡༧༠་གྲོངས་ཟིན་འདུག