རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་གློ་ཚད་འགོས་ནད་ཀྱི་ཁྱབ་ཚད་ཛ་དྲག་ཏུ་གྱུར་འདུག
2020.01.23
རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་གློ་ཚད་འགོས་ནད་ཀྱི་ཁྱབ་ཚད་གནས་སྟངས་ཛ་དྲག་ཏུ་གྱུར་ནས་ཝུའུ་ཧན་ནས་འགྲོ་འོང་བཀག་སྡོམ་བྱས་འདུག
ཉེ་ལམ་རྒྱ་ནག་གི་དབུས་ཁུལ་གྲོང་ཁྱེར་ཝུའུ་ཧན་(Wuhan)་ ནས་ཐོན་པའི་ཆམ་ནད་ལྟ་བུའི་གློ་ཚད་འགོས་ནད་ཀྱི་ནད་འབུ་གསར་བ་དབྱིན་སྐད་དུ་(coronavirus)་ཞེས་བ་ཁྱབ་གདལ་དུ་མི་འགྲོ་བའི་ཆེད། རྒྱ་ནག་གཞུང་གིས་ཝུའུ་ཧན་གྲོང་ཁྱེར་ནང་གི་འགྲོ་འོང་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་དང་། གཞན་ཞིང་ཆེན་དང་གྲོང་ཁྱེར་ཁག་ཕན་ཚུན་བར་འགྲོ་འོང་མི་ཆོག་པ་དང་མི་ཚོགས་འདུ་འཛོམས་ཆེ་སར་བསྐྱོད་མི་ཉན་པའི་ཉེན་བརྡ་བཏང་འདུག
ཐོག་མར་ཝུའུ་ཧན་(Wuhan)་ ནས་ཐོན་པའི་ཆམ་ནད་ལྟ་བུའི་གློ་ཚད་འགོས་ནད་ཀྱི་ནད་འབུ་གསར་བ་དེ། ད་ལྟ་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་༣༠་ལྷག་གི་ནང་ཁྱབ་གདལ་དུ་སོང་ནས། ད་བར་མི་གྲངས་༦༠༠་ལྷག་ལ་ནད་འབུ་དེ་འགོས་ཟིན་པ་དང་། དེའི་ཁྲོད་ཉུང་མཐར་ནད་པ་མི་གྲངས་ ༡༨ ་རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ་མུ་མཐུད་གྲངས་ཚད་འཕར་བཞིན་པ་རེད། ཆམ་ནད་ལྟ་བུའི་གློ་ཚད་འགོས་ནད་དེ་རྒྱ་ནག་ནས་ཧོང་ཀོང་དང་། མེཡེ་ཁོ། ཐེ་ཝན། ཐེ་ལེན་ཊི། ཉི་ཧོང་། ཨ་རི་སོགས་ཕྱི་ཕྱོགས་སུ་ཁྱབ་གདལ་དུ་སོང་ནས་གནས་སྟངས་ཛ་དྲག་ཆགས་ཡོད་པ་དང་། འདི་ཚེས་༢༢་རེས་གཟའ་ལྷག་པའི་ཉིན། སིད་སུའི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཛ་དྲག་ཚོགས་འདུ་སྐོང་ནས། རྒྱ་ནག་ནས་ཐོན་པའི་གློ་ཚད་ནད་འབུ་གསར་བ་དེའི་རང་བཞིན་འགོས་ནད་ཡིན་པ་དང་། དེ་ཡང་ད་ཆ་འཛམ་གླིང་རང་བཞིན་གྱི་འགོས་ནད་ཅིག་ཆགས་སྲིད་སྟབས། འཛམ་གླིང་མི་དམངས་ཀྱི་འཕྲོད་བསྟེན་ཛ་དྲག་གནས་སྟངས་འོག་ལྷུང་སྲིད་པས་ན། རྒྱལ་སྤྱིའི་རྒྱལ་ཁབ་དང་སྲིད་གཞུང་ཁག་གིས་རྒྱལ་མཚམས་ཁག་ཏུ་ནད་བརྟག་འཕྲུལ་ཆས་གསར་འཛུགས་དང་། སྔོན་འགོག་དང་། ཞིབ་འཇུག སྨན་བཅོས་ཐབས་ལམ་གྲ་སྒྲིག་སོགས་ཀྱི་ཐད་གྲོས་བསྡུར་བྱས་ཡོད་པ་རེད།
རྒྱ་ནག་གི་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་ནང་མི་གྲངས་ས་ཡ་༡༡་ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། དེ་བཞིན་གྲོང་ཁྱེར་དེ་ནི་རྒྱ་ནག་ནང་གི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།
གནས་ཚུལ་ལྟར་ན། གོང་གི་གློ་ཚད་འགོད་ནད་ནད་འབུ་གསར་བ་དེ་ནི། རྒྱ་ནག་ནང་སྲོག་ཆགས་སེམས་ཅན་གྱི་ཤ་པགས་རིགས་ཚོང་ལས་གཉེར་ཕྱོགས་ཀྱི་སྒྲིག་ཁྲིམས་འཐུས་ཚང་མེད་པའི་གནས་སྟངས་འོག་ཡོང་བ་ཡིན་པ་བཤད་བཞིན་པ་ལས་སེམས་ཅན་དང་སྲོག་ཆགས་གང་ནས་བྱུང་བ་ཡིན་པ་ད་དུང་ཁ་གསལ་མེད་པ་རེད། ཡིན་ཡང་རྒྱ་ནག་གི་ནད་རིགས་སྔོན་འགོག་ལས་ཁང་གི་འགན་འཛིན་(Gao Fu)་ཡིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག ཝུའུ་ཧན་ནས་བྱུང་བའི་འགོས་ནད་ནད་འབུ་གསར་བ་དེ་ཁུལ་དེའི་མཚོ་ལས་ཐོན་པའི་ཟས་རིགས་ཀྱི་ཁྲོམ་ར་ནས་ཁྲིམས་འགལ་གྱི་སེམས་ཅན་ཚོང་བསྒྱུར་བྱས་པའི་རྐྱེན་གྱིས་ཁྱབ་པ་བརྗོད་ཡོད་པ་རེད།