རྩོམ་པ་པོ་རོང་བོ་གངས་དཀར་ལགས་ནས་༧གོང་ས་མཆོག་གི་སྐོར་གླེང་སློང་བྱས་པས་འཛིན་བཟུང་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་རེབ་གོང་རོང་བོ་དགོན་པའི་དགེ་འདུན་པ་དང་། རྩོམ་པ་པོ་དང་སྙན་ངག་པ་རོང་བོ་གངས་དཀར་ལགས་རྒྱུ་མཚན་ཅི་ཡིན་གསལ་ཁ་གང་ཡང་མེད་པར་འཛིན་བཟུང་བྱས་ཡོད་ཀྱང་། ད་ལྟའི་ཆར་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་འཛིན་བཟུང་བྱེད་དོན་གཙོ་བོ་བགྲོ་གླེང་འདུ་འཛོམས་ཤིག་གི་སྟེང་། ༸གོང་ས་མཆོག་གི་འཁྲུངས་སྐར་གཙོས་༸གོང་ས་མཆོག་དང་འབྲེལ་བའི་དུས་དྲན་ཁག་ལ་སྲུང་བརྩི་དགོས་སྐོར་གླེང་སློང་བྱས་རྐྱེན་ཡིན་སྐོར། བོད་ནང་དང་བཙན་བྱོལ་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་ནས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་ཁོང་འཛིན་བཟུང་བྱས་ཉིན་དེ་ཕྱི་ཟླ་༥བའི་ནང་གོ་ཐོས་ཙམ་ལས་ཟླ་ཚེས་ག་དུས་ཡིན་ཏག་ཏག་ཤེས་རྟོགས་མེད་ན་ཡང་། ཁོང་འཛིན་བཟུང་བྱེད་ས་དེ་རྫོང་ཐོག་ནས་ཕྱིར་དགོན་པའི་ནང་དུ་ལོགས་སྐབས་ཤིག་ལ། རོང་བོ་དགོན་པའི་སྒོ་ཆེན་འགྲམ་ནས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་ལ་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པ་ཆགས་ཡོད་པ་དང་། ཁོང་མུ་མཐུད་ལོ་ཤས་སྔོན་གསར་དུ་འཛུགས་སྐྲུན་བྱས་པའི་རེབ་གོང་རྫོང་ཐོག་གི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་དེས་རེབ་གོང་རྫོང་ཐོག་ཏུ་རྨུ་ཐག་ཇ་ཁང་ཞེས། ནམ་རྒྱུན་ཡུལ་དེའི་ཤེས་ཡོན་པ་ཚོ་འདུ་འཛོམས་དང་། རྩོམ་པ་པོ་ཚོས་དཔེ་དེབ་འགྲེམས་སྤེལ་སོགས་དཔར་སྐྲུན་དང་འབྲེལ་བའི་བགྲོ་གླེང་བྱེད་གནས་ཤིག་ཡོད་པ་དང་། རྩོམ་པ་པོ་རོང་བོ་གངས་དཀར་ལགས་ནས་ཇ་ཁང་དེའི་ནང་འདུ་འཛོམས་ཤིག་དང་འབྲེལ་བའི་བགྲོ་གླེང་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་པ་དང་། དེ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་རྨུ་ཐག་ཇ་ཁང་ལ་ཡང་དམ་དྲགས་དང་ནམ་རྒྱུན་གྱི་ལས་རིམས་མང་པོ་ཞིག་གཉེར་བཅུག་གི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
རྩོམ་པ་པོ་རོང་བོ་གངས་དཀར་ལགས་ནི་རྨ་ལྷོ་རེབ་གོང་ནས་ཡིན་ཞིང་། འདི་ལོ་དགུང་ལོ་༤༨ཡིན་པ་དང་། ཆུང་དུས་ནས་རེབ་གོང་རོང་བོ་དགོན་དུ་ཆོས་སྒོར་ཞུགས་ཤིང་རྩོམ་འབྲིའི་ལས་ལ་ཞུགས་ཏེ་བོད་ནང་གི་དུས་དེབ་དང་དྲ་ལམ་ཁག་ཏུ་སྙན་ངག་འབོར་ཆེན་འགྲེམས་སྤེལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༢ལོར་ཁོང་གིས་སྙན་ངག་མང་པོ་གཅེས་བཏུས་ཀྱིས་མདུད་པ་ཞེས་པའི་སྙན་ངག་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་འདུག་ལ། སྤྱིར་ཁོང་ནི་བོད་རྒྱ་སྐད་ཡིག་གཉིས་ལ་ཡག་པོ་ཡོད་སྟབས་ཕྱི་ནང་གི་དཔེ་དེབ་གྲགས་ཅན་མི་ཉུང་བ་ཞིག་བོད་བསྒྱུར་བྱས་ཡོད་པ་དང་། ཁོང་དང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷན་གྲུབ་སོགས་བོད་ནང་གི་རྩོམ་པ་པོ་ཁག་ཅིག་གིས་མཉམ་དུ་མཁས་དབང་དགེ་འདུན་ཆོས་འཕེལ་སྐོར་ལ་གནས་ཚུལ་འཚོལ་བསྡུ་ཉམས་ཞིབ་བྱས་ནས་དཔེ་དེབ་ཅིག་ཀྱང་འགྲེམས་སྤེལ་གནང་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།