རྩོམ་པ་པོ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་སྐལ་བཟང་ཚེ་བརྟན་ལགས་སྐུ་གྲོངས་ཡོད་འདུག
ཕྱི་ཟླ་༡༡ཚེས་༢༨ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་༡སྟེང་། བོད་ནང་གི་རྩོམ་པ་པོ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན། སློབ་གླིང་དེ་གའི་བོད་སྐད་ཡིག་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་བྱས་མྱོང་མཁན། སྐལ་བཟང་ཚེ་བརྟན་ལགས་སྐུ་གྲོངས་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་འབྲེལ་ཡོད་ཚོས་ནད་གཞི་རྙིང་བའི་སྙུང་གཞི་ཞིག་གི་རྐྱེན་གྱིས་སྐུ་གྲོངས་སྐོར་བརྗོད་པ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མི་འདུག་ན་ཡང་། དགེ་རྒན་ཁོང་བོད་མི་རིགས་ཀྱི་ཁེ་ཕན་དང་ཐོབ་ཐང་སོགས་ཀྱི་ཐད། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ལས་དོན་བྱེད་མཁན་ཞིག་ཡིན་པ། བཙན་བྱོལ་ནང་གནས་སྡོད་མིང་བརྗོད་འདོད་མེད་པའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཟུར་ཅིག་དང་འབྲེལ་ཡོད་བོད་མི་གཉིས་ནས། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དགེ་རྒན་སྐལ་བཟང་ཚེ་བསྟན་ལགས་ནི་བོད་ནང་གི་རེབ་གོང་ཧོར་རྒྱ་སྡེ་བ་ནས་ཡིན་པ་དང་། ཕྱི་ལོ་༡༩༦༩ལོ་ནས་བསང་ཆུ་རྫོང་དུ་སྲིད་གཞུང་གི་ལས་གཉེར་བྱས་ཡོད་པ་དང་། རྗེས་སུ་རྫོང་དེའི་སྤྱི་བདེ་ཉེན་རྟོག་ལས་ཀ་དང་ཆབ་སྲིད་ལྷ་ཁང་གི་ནང་དུ་ལས་གཉེར་བྱས་ཡོད་པ་དང་། གོང་ཞུས་འབྲེལ་ཡོད་བོད་མི་དེས་དགེ་རྒན་ཁོང་ནུབ་བྱང་མི་རིགས་སློབ་ཆེན་དུ་མ་ཡོང་གོང་ནས་སྲིད་གཞུང་གི་བྱ་བ་མང་དག་ཅིག་བསྒྲུབས་ཡོད་པ་དང་། ཁོང་ནུབ་བྱང་མི་རིགས་སློབ་ཆེན་དུ་བསླེབས་རྗེས་གཙོ་བོ་སློབ་ཆེན་དེའི་གཞུང་འབྲེལ་ལས་དོན་གཉེར་ཡོད་པ་དང་། ང་རང་སློབ་ཆེན་དེར་ཡོད་སྐབས་དགེ་རྒན་ཁོང་བོད་ཡིག་སྡེ་ཚན་གྱི་ཞིབ་འཇུག་འགན་འཛིན་ཡིན་པ་དང་། སློབ་ཆེན་ནང་བོད་རིགས་དགེ་སློབ་ཚོས་དགེ་རྒན་ཁོང་ལ་མཐོང་ཆེན་བྱེད་ས་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
དགེ་རྒན་སྐལ་བཟང་ཚེ་བརྟན་ལགས་ཕྱི་ལོ་༡༩༥༨ལོར་བླ་བྲང་བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས། ཕྱི་ལོ་༡༩༧༦་ནས་བཟུང་ཀན་ལྷོ་ཁུལ་དྲིལ་སྒྲོག་ལྷན་ཁང་གི་འགན་འཛིན་དང་། རིག་གནས་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན། དེའི་རྗེས་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་དྲུང་ཡིག་དང་འགན་འཛིན་གཅིག་ལྕོགས་སུ་གཉེར་ཡོད་པ་དང་། ཐེངས་འདིར་ཁོང་སྐུ་གྲོངས་བར་བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་གི་ལོ་རྒྱུས་བརྒྱུད་སྤེལ་དང་འབྲེལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཀྱི་རྩོམ་ཡིག་སྤེལ་བཞིན་པ་མཐོང་རྒྱུ་འདུག
སྐལ་བཟང་ཚེ་བརྟན་ལགས་ནི་ཕྱི་ལོ་༡༩༤༤ལོར་མདོ་སྨད་རེབ་གོང་ཧོར་རྒྱ་སྡེ་བའི་ཞིང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོང་གི་ངོ་སྤྲོད་ནང་ཆུང་དུས་ནས་དམངས་ཁྲོད་རིག་གནས་ལ་དང་བ་ཆེན་པོ་ཡོད་པས། ལོ་ངོ་སུམ་ཅུ་ལྷག་གི་རིང་བོད་ནང་གི་ས་གནས་འདྲ་མིན་གྱི་མང་ཚོགས་ཁྲོད་ཕྱིན་སྟེ། བོད་ཀྱི་དམངས་གླུ་དང་། ལ་གཞས།ཁེད།བྱིས་སྒྲུང་། གཏམ་རྒྱུད་སོགས་འཚོད་སྡུད་དང་སྒྲ་ཕབ་བྱས་ཏེ། རྗེས་སུ་ཁོང་གིས་ཨ་མདོའི་བོད་ཀྱི་ཆང་གཞས་གཅེས་བཏུས་དང་། བོད་ཀྱི་ལ་གཞས་ཕྱོགས་བསྒྲིགས། བོད་ཀྱི་དམངས་གླུ་ཕྱོགས་བསྒྲིགས་སོགས་བརྩམས་གནང་ཡོད་འདུག་ལ། དེ་མིན་གྱི་བརྩམས་སྒྲུང་ལ་གསེར་ཁྲིའི་ཡང་སྤྲུལ་དང་ཉིན་སྲིབ་བར་གྱི་བྲག་ཆ། བསྒྱུར་རྩོམ་ལ་ལྷ་སའི་འཁང་ར་དང་ཡེ་ཤེས་སྒྲོལ་མ་བཅས་བརྩམས་ཆོས་མང་པོ་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་འདུག
མཆན། པར་རིས་ཁག་བོད་ནང་གི་མི་རྒོད་རྩོམ་རིག་(YETI文学)སྐད་འཕྲིན་སྤྱི་སྟེགས་ནས་བླངས་ཡིན། སྐད་འཕྲིན་སྤྱི་སྟེགས་འདི་བོད་ནང་གི་མི་སྒེར་བས་གཉེར་བཞིན་པ་ཞིག་ལས་རྒྱ་ནག་གཞུང་འབྲེལ་ནས་མ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།