རྒྱལ་སྤྱིའི་གྲོས་ཚོཊ་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་ཆེན་ཐེངས་བདུན་པ།
2019.05.08
རྒྱ་ནག་གཞུང་གིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་མ་སྤྲད་པ་ཡིན་ན་བོད་མིའི་འདོད་དོན་སྒྲུབ་ཀྱི་མ་རེད་ལ་བོད་རྒྱའི་དཀའ་རྙོག་ཡང་སེལ་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
དེ་ཡང་ཕྱི་ཟླ་ ༥ ཚེས་ ༨ ཉིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧་པ་(Latvia)འི་རྒྱལ་ས་རི་གྷར་ཚོགས་བཞིན་པའི་ཉིན་དང་པོའི་ཐོག བོད་ཀྱི་ལོ་རྒྱུས་ཐོག་གི་གནས་བབས་དང་ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་མཁས་དབང་དང་ལོ་རྒྱུས་སྨྲ་བ་དག་གིས་གཏམ་བཤད་གནང་ཞིང་། རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ཆེད་ལས་པ་རྒྱ་རིགས་འབུམ་རམས་པ་Mumin Chen ལགས་ཀྱིས བོད་ནང་ཆོས་དད་རང་དབང་གི་གནས་བབ་ནི་ཐེ་ཝན་དང་རྒྱ་གར་བཅས་དང་བསྡུར་ན་ཆེས་སྡུག་པོ་ཡོད་པ་ཁོང་བོད་དུ་ཕེབས་པའི་ཉམས་མྱོང་དགོས་ཀྱི་ཐོག་ནས་བརྗོད་ཐུབ་པ་ཡིན་པ་གསུངས་འདུག ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྒྱ་ཧན་མི་རིགས་ཆེན་མོའི་ནང་སིམ་པར་བྱེད་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག
ཡང་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་སྐུ་ཞབས་ མཡེ་ཀལ་ཝན་ཝལཊ་ལགས་ཀྱིས་བོད་ནི་དེ་སྔོན་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་མིན་པ་གསལ་སྟོན་གནང་ཞིང་། འོན་ཀྱང་ཁོང་གིས་ད་ལྟའི་གནས་བབས་ཀྱི་ཐོག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་རྒྱ་ནག་གཞུང་གིས་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་ཐད་འབད་བརྩོན་གནང་བཞིན་པར་རྒྱབ་སྐྱོར་གནང་ཡོད་པ་རེད། ཁོང་གིས་གལ་ཏེ་རྒྱ་ནག་གཞུང་གིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་མ་སྤྲད་ཡིན་ན་བོད་མིའི་འདོད་དོན་སྒྲུབ་ཀྱི་མ་རེད་ཅེས་གསུངས་འདུག
ཡང་སྤྱི་འཐུས་ཚོགས་གཙོ་པད་མ་འབྱུང་གནས་མཆོག་གིས། བོད་ཀྱི་ས་བབས་ཆགས་སྟངས་དང་། ཨེ་ཤེ་ཡའི་རྒྱལ་ཁབ་མང་པོའི་ཆུའི་འབྱུང་ཁུངས་བོད་ཡིན་པ། དེ་སྔ་བོད་ཁེར་རྐྱང་དུ་གནས་ནས་ཕྱིའི་རྒྱལ་ཁབ་དང་དེ་ཙམ་འབྲེལ་བ་མེད་ནའང་བདེ་སྐྱིད་ངང་གནས་ཡོད་པ་སོགས་ངོ་སྤྲོད་གནང་ཐོག་ཕྱི་ལོ་༡༩༤༩ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱ་རྒྱུ་འགོ་འཛུགས་བྱས་པར་བརྟེན་ཕྱི་ལོ་༡༩༥༡ལོར་བོད་གཞུང་གི་སྐུ་ཚབ་རྒྱ་ནག་ཏུ་གྲོས་མོལ་གནང་ཆེད་ཕེབས་པ་དང་། རྒྱ་ནག་གཞུང་གིས་བཙན་དབང་གིས་ཆིངས་ཡིག་དོན་ཚན་༡༧ལ་ས་རྟགས་བཀོད་དུ་བཅུག་པ་སོགས་རྒྱ་ནག་གི་བོད་དབང་བསྒྱུར་བྱས་པའི་བརྒྱུད་རིམ་ངོ་སྤྲོད་གནང་ཞིང་། ཡང་ཁོང་གིས་ཕྱི་ལོ་༡༩༧༩ལོར་རྒྱ་ནག་གི་དབུ་ཁྲིད་ཏིང་ཤའོ་ཕིང་གིས་རང་བཙན་མིན་པའི་དེ་མིན་གནད་དོན་ག་རེའི་ཐོག་ལའང་གྲོས་མོལ་གནང་ན་སྒྲིག་ཀྱི་རེད་ཅེས་བཤད་པ་ནས་བཟུང་བོད་རྒྱའི་དབར་གྱི་འབྲེལ་མལ་གྱི་རིམ་པ་དང་དེ་དག་གི་ནང་དོན་སོགས་ངོ་སྤྲོད་གནང་ཡོད་པ་རེད། ཁོང་གིས་དབུད་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད་པ་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་ཀྱི་གནས་བབས་རྩོད་ཀྱི་ཡོད་པ་གསུངས་ཤིང་། དེ་ཡང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་པ་གསུངས་ཡོད་པ་རེད།
ཐེངས་འདིའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཙོ་འབྲེལ་པོས་དབུས་པའི་སྤྱི་འཐུས་ཁག་གཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། གཞན་ཡང་འཛམ་གླིང་ཡུལ་གྲུ་འདྲ་མིན་གྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་མཁས་དབང་སོགས་འདུ་འཛོམས་གནང་ཡོད་པ་རེད།
དེའི་ཁོངས་སུ་རྒྱ་གར་གྱི་མཁས་པ་ ཤྲི་ཀཱནཏ་ཀོ་ཌོ་པ་ལི་དང་སྔ་ལོ་ཀེ་ན་ཌའི་གྲོས་ཚོགས་ཀྱི་འཐུས་མིར་འདེམས་ཐོན་བྱུང་བ་བོད་རིགས་དཀར་པོ་ཆེ་བུ་ཁྲིད་ལགས་སོགས་ཕེབས་འདུག
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དང་པོ་དེ་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་གྱི་རྒྱལ་ལྡི་ལིར་བསྐོང་འཚོགས་གནང་རྗེས་རིམ་པས་ཨ་མི་རི་ཀ་དང་ལི་ཐུཡེ་ནི་ཡ། སོཀཊ་ལེནཌ་དང་ཨི་ཊ་ལི་བཅས་སུ་ཚོགས་ཤིང་། ཚོགས་ཆེན་ཐེངས་དྲུག་པ་དེ་ཕྱི་ལོ་ ༢༠༡༢ ལོར་ཀེ་ན་ཌའི་རྒྱལ་ས་ཨོ་ཊོ་ཝར་ཚོགས་ཡོད་པ་རེད།