རྒྱ་ནག་ནང་དབུགས་ལམ་འགོས་ནད་ཁྱབ་གདལ་འགྲོ་བཞིན་པ་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ལམ་སྟོན་གནང་བ།

རྒྱ་ནག་གི་སྨན་ཁང་ནང་གློ་ཚད་དབུགས་ལམ་གྱི་ནད་ཚབས་ཆེ་འཕོག་མཁན་གྱི་ཕྲུ་གུ་ནད་པས་འཁེངས་པ་སོགས་རྒྱ་ནག་ནང་དབུགས་ལམ་འགོས་ནད་ཁྱབ་གདལ་འགྲོ་བའི་རྐྱེན་གྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་མི་དམངས་ལ་སྔོན་འགོག་གི་ཐབས་ཤེས་བྱ་དགོས་པའི་ལམ་སྟོན་གནང་འདུག
དེ་ཡང་རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་རྒྱལ་ས་པེ་ཅིང་ལ་སོགས་པའི་སྨན་ཁང་ཁག་ནང་ནད་འབུ་ལས་བྱུང་བའི་དབུགས་ལམ་གྱི་འགོས་ནད་འཕོག་མཁན་གྱི་ཕྲུ་གུ་ནད་པ་མང་པོ་སྨན་བཅོས་དུ་ཡོང་མཁན་གྱི་ཁེངས་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གིས་ལོ་ངོ་གསུམ་རིང་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་བའི་དམ་དྲག་བྱས་པའི་རྗེས་ཀྱི་ནད་གཞི་ཚབས་ཆེན་པོ་དེ་ཁྱབ་གདལ་ཕྱིན་པ་ཞིག་ཡིན་ལུགས། ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༢ ཉིན་སྨན་པ་དང་འཕྲོད་བསྟེན་ཆེད་ལས་པས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་འདུག
དེར་བརྟེན་ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༢ རེས་གཟའ་ལྷག་པའི་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། རྒྱ་ནག་མང་ཚོགས་ལ་གློ་ཚད་དབུགས་ལམ་གྱི་རིམས་ནད་ཁྱབ་གདལ་སྔོན་འགོག་གི་ཐབས་ཤེས་རྣམས་བྱ་དགོས་པའི་འབོད་སྐུལ་གནང་བ་དང་ཆབས་ཅིག་རྒྱ་ནག་གཞུང་ལ། རྒྱ་ནག་གི་བྱང་ཕྱོགས་པེ་ཅིང་དང་ཐན་ཅི་སོགས་ནང་ཕྲུ་གུར་གློ་ཚད་དབུགས་ལམ་གྱི་འགོས་ནད་ཁྱབ་གདལ་ཕྱིན་པའི་གནས་སྟངས་ཞིབ་ཕྲ་མཁོ་སྤྲོད་ཡོང་བའི་རེ་སྐུལ་གནང་བའི་སྐོར་གསལ་བསྒྲགས་གནང་ཡོད་པ་རེད། རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ནད་རིགས་སྔོན་འགོག་དང་བཀག་བསྡོམས་ལས་ཁང་གིས། ཕྱི་ཟླ་བཅུ་གཅིག་པའི་ཟླ་འགོ་ནས་གློ་ཚད་དབུགས་ལམ་གྱི་ནད་འཕོག་པའི་ཕྲུ་གུ་སུམ་སྟོང་ལྔ་བརྒྱ་ལྷག་པེ་ཅིང་གི་ཕྲུ་གུའི་སྨན་ཁང་དུ་ཉར་ཡོད་པའི་སྐོར་བཤད་ཡོད་ལ། དེ་དང་ཆབ་ཅིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གློ་ཚད་དབུགས་ལམ་གྱི་འགོས་ནད་ཁྱབ་གདལ་འགྲོ་བའི་གནས་སྟངས་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་ཡོད་པ་དང་། གློ་ཚད་དབུགས་ལམ་གྱི་ན་ཚ་དེའི་ནད་འབུ་དེ་ཡིས་གློ་བའི་ནང་གཉན་ཁ་བཟོ་བའི་རྐྱེན་བྱེད་ཀྱི་ཡོད་པ་རེད་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཉེ་ཆར་ཕྱི་ཟླ་བཅུ་པའི་ཟླ་དཀྱིལ་ནས། རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་ནང་དེ་སྔ་ལོ་གསུམ་གྱི་གོང་དུ་ཁྱབ་གདལ་ཕྱིན་པའི་ཆམ་རིམས་Influenza ཟེར་བ་དང་འདྲ་བའི་འགོས་ནད་འགོས་ཁྱབ་མང་དུ་འགྲོ་བཞིན་ཡོད་པ་གསུངས་ཡོད་པ་རེད།
ཉེ་སྔོན་རྒྱ་ནག་གི་གསར་འགོད་ལྷན་ཚོགས་ཐོག་ལ། གཞུང་གི་དཔོན་རིགས་ནས་ཏོག་དབྱིབས་ནད་ཡམས་ལ་དམ་དྲག་མཚམས་འཇོག་བྱས་པའི་རྐྱེན་གྱིས་ཕྲུ་གུར་ན་བདེ་བའི་དབུགས་ལམ་གྱི་འགོས་ནད་དང་ཆམ་རིམས་སོགས་ཁྱབ་གདལ་དུ་ཕྱིན་པ་ཡིན་ལུགས་རྒྱུ་མཚན་བཤད་འདུག
གང་ལྟར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ཕྱི་ཟླ་བཅིུག་པའི་ཚེས་༢༡ ཉིན་གསར་འགྱུར་བརྒྱུད་ལམ་དང་ནད་གཞི་རྟོགས་ཞིབ་བྱེད་མཁན་ProMed ཟེར་བའི་ཐོག་རྒྱ་ནག་གི་བྱང་ཕྱོགས་ཁུལ་དུ་ནད་ངོ་ངོས་འཛིན་མ་ཐུབ་པའི་གློ་ཚད་ན་ཚ་ཕྲུ་གུ་མང་པོར་འགོས་ཁྱབ་ཕྱིན་ཡོད་པའི་གནས་ཚུལ་བཏོན་པའི ་འགོས་ནད་དེ་དང་། རྒྱ་ནག་གཞུང་གི་དཔོན་རིགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་ལ་བཤད་པའི་འགོས་ནད་བར་ལ་འགྲེལ་བ་ཡོད་མེད་ཁ་གསལ་མེད་ཅིང་། གལ་ཏེ་འགོས་ནད་དེ་གཉིས་འབྲེལ་བ་ཡོད་ཚེ་ངེས་པར་དུ་རྒྱ་ནག་གཞུང་ཕྱོགས་ནས་ཞིབ་ཕྲའི་གསལ་བཤད་བྱེད་པའི་རེ་བ་བྱེད་བཞིན་ཡོད་པའི་སྐོར་གསུངས་འདུག།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག