རྒྱ་གར་བྱང་ཤར་དུ་རྒྱ་གར་དབུས་གཞུང་ཨ་ཡུཤ་ལྷན་ཁང་གིས་བོད་ཀྱི་གསོ་རིག་གི་གོ་རྟོགས་དང་སློབ་མ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་ཆེད་ཟབ་སྦྱོང་གནང་བ།

རྒྱ་གར་དབུས་གཞུང་ཨ་ཡུཤ་((Ministry of Ayush GOI)ལྷན་ཁང་གི་མཐུན་འགྱུར་འོག་འབྲས་ལྗོངས་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དང་ལ་དྭགས་གསོ་རིག་སྡེ་ཚན་གཉིས་མཉམ་རུབ་ཀྱི་གོ་སྒྲིག་ཐོག་ཟླ་བ་འདིའི་ཕྱི་ཚེས་ ༢༠ དང ༢༡ ཉིན་གཉིས་རིང་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གིས་ཚོགས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་འདུག ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་བྱང་ཤར་ཁུལ་དུ་བོད་ཀྱི་གསོ་བ་རིག་པའི་ཐོག་གོ་རྟོགས་ཁྱབ་སྤེལ་དང་ལྷག་པར་དུ་འདིའི་ཁུལ་གྱི་གསོ་རིག་སྨན་པ་དང་སློབ་མ་ཚོའི་ཤེས་ཡོན་གོང་སྤེལ་ཆེད་དུ་ཟབ་སྦྱོང་དེ་གོ་སྒྲིག་ཞུས་པ་ཞིག་ཡིན་པའི་སྐོར་རྣམ་རྒྱལ་གསོ་རིག་མཐོ་སློབ་ཀྱི་རིག་སྡེ་འགན་འཛིན་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱི་གསུངས་བྱུང་།
ད་རེས་ཀྱི་ཟབ་སྦྱོང་ཐོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ། ལ་དྭགས། རྡོ་རྗེས་གླིང་། ས་ལུ་སྒ་ར་དང་འབྲས་ལྗོངས་ཁུལ་ནས་སྨན་པ་དང་སྨན་སློབ་བཅས་ཁྱོན་ཟབ་སྦྱོང་བ་ ༡༢༠ ལྷག་ནས་མཉམ་ཞུགས་གནང་ཡོད་འདུག་པ་དང་། ཟབ་སྦྱོང་ནང་ཟབ་ཁྲིད་གནང་མཁན་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་ནས་ཐོན་པའི་སྨན་པ་རབ་དགའ་ལགས་ཀྱི་གསོ་བ་རིག་པའི་བྱུང་རིམ་ལོ་རྒྱུས་དང་གཞུང་ལུགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། ས་ལུ་སྒ་རའི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གི་སྨན་པ་འཇམ་དབྱངས་སྒྲོལ་མ་ལགས་ཀྱི་ནུབ་སྦེང་གྷོལ་ཁུལ་དུ་རྒྱུན་དུ་ནས་ནད་པ་བསྟེན་གཏུགས་བྱེད་མཁན་གྱི་ནད་གཞི་མང་པ་གང་ཆགས་ཀྱི་ཡོད་མེད་དང་དེའི་རྒྱུ་རྐྱེན་དང་བཅོས་ཐབས་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་འདུག
ཡང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ནས་ཕེབས་པས་སྨན་པ་ངག་དབང་ཐུབ་བསྟན་ལགས་ཀྱི་ཟབ་སྦྱོང་ཐོག་ཨ་རུ་ན་ཅལ་ཁུལ་དུ་བོད་ཀྱི་གསོ་བ་རིག་པའི་གནས་བབས་སྤྱི་དང་གསོ་བ་རིག་པའི་ཐོག་ནས་ནད་པར་བཅོས་ཐབས་གནང་ཕྱོགས་སོགས་ཀྱི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་ཡོད་པ་དང་། ཁོང་གི་གསུངས་ཡག་ལ་གནའ་སྔ་མོའི་དུས་སུ་ཨ་རུ་ན་ཅལ་ཁུལ་ནས་གསོ་བ་རིག་པའི་ཐོག་སློབ་སྦྱོང་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་ཕྱིས་སུ་བཙན་བྱོལ་ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འོག་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་པའི་རྗེས། ཨ་རུ་ན་ཅལ་ཁུལ་ནས་སྨན་པ་ཐོན་མཁན་མང་པོ་བྱུང་ཡོད་པ་མ་ཟད་མངའ་སྡེའི་ནང་ཁྱོན་ཡན་ལག་སྨན་རྩིས་ཁང་ཁག་ལྔ་ཙམ་འཛུགས་ཐུབ་པ་དང་མང་ཚོགས་ཁྲོད་གསོ་བ་རིག་པའི་ཐོག་གོ་རྟོགས་དང་ཕན་ཐོགས་རྒྱ་ཆེ་ཞིག་ཡོང་རྒྱུའི་རེ་བ་ཞུ་བཞིན་འདུག
ཡང་ད་རེས་ཀྱི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཁག་གཅིག་གིས་ཟབ་སྦྱོང་དེ་ཁོང་རྣམས་པར་ཕན་ཐོགས་ཆེ་པོ་བྱུང་སོང་དེ་ཡང་་དོགས་འདྲི་མང་པོ་ཞིག་གསལ་བ་དང་སྨན་པ་བགྲེས་པ་ཚོའི་ཉམས་མྱོང་དང་ཤེས་བྱ་རྣམས་ཤེས་ནས་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་གསུངས་ཀྱི་འདུག ཡང་རྣམ་རྒྱལ་གསོ་རིག་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་ཟླ་སྒྲོན་ལགས་ཀྱི་ཁོ་མོ་གསོ་བ་རིག་པའི་སློབ་མ་ཞིག་ཡིན་པས་ཆ་ནས་ད་རེས་གསོ་བ་རིག་པའི་མཁས་དབང་དང་སློབ་མ་མང་པོ་ཞིག་དང་མཉམ་དུ་བསམ་ཚུལ་བརྗེ་ལེན་གྱི་གོ་སྐབས་རྒྱུད་ཉམས་མྱོང་གསར་པ་མང་པོ་ཞིག་བྱུང་སོང་ཞེས་གསུངས་ཀྱི་འདུག
ཡང་འདི་ཚེས་ ༢༡ ཉིན་གསོ་བ་རིག་པའི་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མངའ་སྡེའི་སྲིད་སྐྱོང་(Ganga Prasad)་མཆོག་དང་དམིག་གསལ་སྐུ་མགྲོན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་དབུས་པའི་གཞན་བློན་ཆེན ཁག་མང་དག་ཅིག་ཕེབས་ཡོད་པ་རེད་འདུག།
གསར་འགོད་པ་པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག