བོད་མི་ཚོས་རྒྱལ་སྤྱིའི་བུད་མེད་དུས་ཆེན་སྲུང་བརྩི་བྱས་འདུག
2017.03.08

བོད་ནང་གི་བུད་མེད་ཚོར་སོ་སོའི་རང་དབང་དང་ཐོབ་ཐང་སྲུང་བརྩི་བྱེད་པའི་རང་དབང་མེད་སྐོར་གཏམ་བཤད་གནང་འདུག
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་བོད་ནང་གི་བེུད་ཚོར་སོ་སོའི་རང་དབང་དང་ཐོབ་ཐང་སྲུང་བརྩི་བྱེད་པའི་རང་དབང་མེད་པའི་སྐོར་ཡང་གཏམ་བཤད་གནང་འདུག
བཞུགས་སྒར་རྡ་རམ་ས་ལའི་དབུས་བོད་ཀྱི་བེུད་ལྷན་ཚོགས་ནས་རྡ་ས་མེག་ལོ་གྷ་ཇི་སྣུམ་འཁོར་བབས་ཚུགས་སུ་རྒྱལ་སྤྱིའི་བེུད་ཀྱི་ཉིན་མོ་སྲུང་བརྩི་ཞུ་བའི་སྐབས། ལག་ཏུ་འབོད་ཚིག་འདྲ་མིན་བྲིས་པའི་ཕྲེད་དར་སོགས་འཁྱེར་ཞིང་། མི་དམངས་འདུ་འཛོམས་དེའི་ཐོག་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོས། རྒྱལ་སྤྱིའི་བེུད་ཀྱི་ཉིན་མོ་དེ་ནི་འཛམ་གླིང་སྤྱིར་གལ་ཆེན་གྱི་དུས་ཆེན་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་པ་དང་། དེ་ལྟར་བོད་པའི་སྤྱི་ཚོགས་ནང་ལའང་རྒྱལ་སྤྱིའི་བེུད་ཀྱི་ཉིན་མོ་དེར་དོ་སྣང་ཇེ་ཆེར་ཕྱིན་ནས་ཉིན་མོ་དེ་སྲུང་བརྩི་ཞུ་བ་ལྟར་། ཉིན་མོ་དེ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། འཛམ་གླིང་ནང་བེུད་ཚོར་ཆེ་ཐོངས་དང་ཐོབ་ཐང་། ལས་ཀའི་གོ་སྐབས་། སྤྱི་ཚོགས་ནང་འགན་འཁྲི་སོགས་འཁུར་བཞིན་པ་ལྟར་བོད་པའི་བེུད་ཚོར་ཡང་དེ་ལྟར་གཅིག་མཚུངས་ཀྱི་ཐོབ་ཐང་དང་གོ་སྐབས་ཡོད་པ་ལྟར་ད་དུང་དེ་སྔ་ལས་ལྷག་པའི་བོད་ཀྱི་བེུད་ཁྲོད་ནས་སྤྱི་ཚོགས་ཀྱི་ལས་དོན་ནང་མཉམ་ཞུགས་གནང་མཁན་ཇེ་མང་དུ་ཕྱིན་ནས་སྤྱིར་འཛམ་གླིང་ཞི་བདེ་དང་ཡར་རྒྱས་ཐོག་ལ་ལེགས་སྐྱེས་ཕུལ་ཐུབ་པ་ཞིག་ཡོང་རྒྱུ་ཙམ་མ་ཡིན་པར་བོད་པའི་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུ་དང་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་ལེགས་སུ་གཏོང་རྒྱུར་ལེགས་སྐྱེས་ཕུལ་དགོས་པའི་གནས་སྟངས་ངོ་སྤྲོད་བྱ་རྒྱུ་དང་ཤེས་པ་བཟོ་རྒྱུའི་ཆེད་དུ་ཡིན་པའི་སྐོར་གསུངས་ཡོད་པ་རེད།
འོན་ཀྱང་བོད་ནང་དུ་མཚོན་ན། བོད་ནང་གི་བོད་ཀྱི་བེུད་ཚོར་སྤྱི་ཡོངས་ནས་རང་དབང་དང་ཐོབ་ཐང་མེད་པར་བརྟེན་ནས། ཁོང་ཚོར་རྒྱལ་སྤྱིའི་བེུད་ཀྱི་ཉིན་མོར་རང་གི་ཐོབ་ཐང་དང་རང་དབང་སྲུང་བརྩི་ཞུ་བའི་རང་དབང་མེད་པ་ཞིག་ཡིན་ནའང་རྒྱལ་སྤྱིའི་བེུད་ཉིན་མོ་དེ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་བེུད་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་པ་བརྟེན་ནས་བོད་ནང་གི་བོད་ཀྱི་བེུད་ཚོར་ཡང་ཐོབ་ཐང་གཅིག་མཚུངས་དགོས་ཀྱི་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ ཅེས་དང་། ཡང་བོད་ནང་གི་བེུད་ནས་༡༩༥༩་ནས་བཟུང་སོ་སོའི་རང་དབང་གི་ཆེད་དུ་རང་སྲོག་ཡན་བློས་གཏོང་གནང་མཁན་མང་པོ་བྱུང་ཡོད་པའི་ལོ་རྒྱུས་དྲན་གསོ་གནང་བ་དང་སྦྲགས་བོད་ཀྱི་བེུད་ཚོས་རང་གི་ཐོབ་ཐང་ངེས་པར་དུ་རྩོད་ལེན་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་སོགས་གསུངས་ཡོད་པ་རེད།
དེ་ལྟར་བཞུགས་སྒར་རྡ་རམ་ས་ལ་གཙོས་བོད་ཕྱི་ཕྱོགས་ཀྱི་ཡུལ་གྲུ་མང་པོར་བོད་མི་ཚོས་གསུམ་བརྒྱད་བུད་མེད་དུས་ཆེན་སྲུང་བརྩི་གནང་ཡོད་པ་དང་། རྒྱལ་སྤྱིའི་བེུད་ཀྱི་ཉིན་མོ་དེ་ནི་ཐོག་མར་༡༩༠༩་ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༨་ཉིན་བེུད་ཀྱི་ངལ་རྩོལ་ཉིན་མོར་སྲུང་བརྩི་ཞུས་ཡོད་པ་དང་། ༡༩༡༤་ལོའི་ཕྱི་ཟླ་གསུམ་པའི་ཚེས་༨་ཉིན་རྒྱལ་སྤྱིའི་བེུད་ཀྱི་ཉིན་མོ་གཏན་འཁེལ་བྱས་པ་ནས་བཟུང་ལོ་ལྟར་འཛམ་གླིང་ནང་བེུད་ཚོས་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།