ཨོ་སྦ་མ་ཨེ་ཤེ་ཡའི་ནང་གཞུང་དོན་ཕྱོགས་བསྐྱོད་གནང་རྒྱུ།
2010.11.01
༄༅༎ཨ་རིའི་མ་འོངས་མདུན་ལམ་ཐད་ཤིན་ཏུ་གལ་འགངས་ཆེ་བའི་ཨེ་ཤེ་ཡ་མངའ་ཁུལ་ནང་ཨ་རིས་ས་ཆ་གཏན་པོ་ཞིག་བཟུང་ཐུབ་རྒྱུའི་དམིགས་ཡུལ་གཙོ་བཟུང་གི་ཐོག་ནས་ཨ་རིའི་སྲིད་འཛིན་ ཨོ་བ་མ་མཆོག་བདུན་ཕྲག་འདིའི་རེས་གཟའ་པ་སངས་ནས་བཟུང་ཨེ་ཤེ་ཡའི་ནང་ཉིན་གྲངས་༩རིང་གཞུང་དོན་ཕྱོགས་སྐྱོད་གནང་བར་ཕེབས་ཀྱི་ཡོད་པ་རེད།
དེ་སྔོན་དང་མི་འདྲ་བར་ད་རེས་ཨ་རིའི་སྲིད་འཛིན་ཨོ་བ་མ་མཆོག་རྒྱ་ནག་ལ་ཕེབས་རྒྱུ་མིན་ནའང༌། བར་ལམ་རྒྱལ་ཁབ་གཉིས་དབར་དཔལ་འབྱོར་དང་བདེ་འཇགས་ཀྱི་གནད་དོན་ཐད་རྩོད་གཞི་ཡོད་པའི་གནད་དོན་སྐོར་ཨ་རིའི་སྲིད་འཛིན་མཆོག་ཨེ་ཤེ་ཡའི་ཁུལ་གཟིགས་སྐོར་གནང་རིང་གླེང་གློང་ཡོང་སྲིད་པ་ཞིག་རེད།
མྱུར་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་དང༌། འཁྲུག་ཆ་དོད་པའི་ཁྲོམ་རྭ་ཡར་རྒྱས་འགྲོ་བཞིན་པའི་གླིང་ཆེན་ཨེ་ཤེ་ཡ་དེ་བཞིན་ཨ་མི་རི་ཀའི་མ་འོངས་པའི་བདེ་སྐྱིད་དང་བདེ་འཇགས་གཉིས་ལ་ཤིན་ཏུ་དགོས་གལ་ཆེན་པོ་ཆགས་རྒྱུའི་གཟིགས་ཚུལ་སྲིད་འཛིན་ཨོ་བ་མ་མཆོག་ལ་ཡོང་གི་ཡོད་པ་བཞིན། རེས་གཟའ་སྤེན་པའི་ཉིན་སྲིད་འཛིན་མཆོག་གིས་དང་ཐོག་ རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་དང་རྒྱལ་ས་ལྡི་ལི་གསར་པ་གཉིས་ནང་ཉིན་གྲངས་གསུམ་རིང་གཟིགས་སྐོར་གནང་རྒྱུ་ཡིན་པ་དང༌། དེ་རྗེས་ཨིན་དྲོ་ནེ་ཤི་ཡ་དང་། དེ་ནས་ལྷོ་ཀོ་རི་ཡའི་རྒྱལ་ས་ སི་ཡོལ་དང༌། མཐའ་མཇུག་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མ་ནང་ཕེབས་རྒྱུའི་འཆར་གཞི་འདུག།
རྒྱ་གར་ནང་གཟིགས་སྐོར་གནང་ཡུན་ཉིན་གསུམ་རིང་རྒྱལ་ཁབ་གཉིས་དབར་ཚོང་འབྲེལ་མཉམ་ལས་གོང་འཕེལ་གཏོང་ཕྱོགས་ཀྱི་གྲོས་མོལ་དང༌། རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་སུ་གསུངས་བཤད། དེ་བཞིན་རྒྱ་གར་གི་གཞུང་འབྲེལ་གསོལ་སྟོན་ཐོག་ཕེབས་རྒྱུ་ཡིན་པ་རེད། སི་ཡོལ་དུ་རྒྱལ་ཁབ་༢༠ཆེས་མཐོའི་ལྷན་ཚོགས་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་དང༌། ཉི་ཧོང་དུ་ ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཀྱི་ཆེས་མཐོའི་ལྷན་འཛོམས་སར་ཕེབས་རྒྱུ་ཡིན་པ་རེད།།