ནང་སོག་གི་ཐོབ་ཐང་རྩོད་ལེན་པ་ཞིག་བཀག་བསྐྱིལ་དུ་ཡོད་་སྐོར།
2012.05.10
༄༅༎རྒྱ་ནག་གཞུང་གི་དོ་དམ་འཛིན་བཟུང་བྱས་རྗེས་ ལོ་གཅིག་ཙམ་རིང་གར་ཡོད་ཤེས་རྟོགས་མེད་པར་གྱུར་པ་ཧ་ཌ་ཞུ་བའི་ནང་སོག་གི་ཐོབ་ཐང་རྩོད་གླེང་བ་དེ་ རྒྱ་གཞུང་གིས་ཉེ་ལམ་ནང་སོག་ནང་སྤྲོ་སྐྱིད་གཏོང་ཡུལ་གྱི་ས་གནས་ཤིགཏུ་བཀག་བསྐྱིལ་བྱས་པའི་སྐོར་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་འདུག་༎
ཧ་ཌ་ཞུ་བ་ཁོང་ནང་སོག་མི་རིགས་ཀྱི་ཐོབ་ཐང་རྩོད་གླེང་གནང་མཁན་ཞིག་ཡིན་པ་རེད་ ༡༩༩༦ལོར་ རྒྱ་ནག་གཞུང་གིས་ ལྷོ་ནང་སོག་དམངས་གཙོ་མནའ་འབྲེལ་ཚོགས་པ་ཞེས་པའི་ནང་སོག་ལ་མི་རིགས་རང་སྐྱོངས་གནས་བབ་འཐབ་རྩོད་བྱ་མཁན་ཚོགས་པ་དེར་ ཁོ་པས་རྒྱབ་སྐྱོར་བྱས་ཏེ་ རྒྱལ་ཁབ་ཁ་བྲལ་གཏོང་བ་དང་གསང་མྱུལ་གྱི་ལས་དོན་སྤེལ་བའི་ཉེས་བཙུགས་བྱས་ཏེ་ ཁྲིམས་ཐོག་ནས་ལོ་ངོ་༡༥རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད་ ༢༠༡༠ལོར་ཧ་ཌ་བཙོན་གྲོལ་བཏང་ཀྱང་ཁྲིམས་ཐོག་ནས་ལོ་བཞིའི་རིང་ཁོ་པའི་ཆབ་སྲིད་ཀྱི་ཐོབ་ཐང་ཡོངས་རྗོགས་ཕྱིར་བསྡུ་བྱས་པ་དང་ཆབས་ཅིག་སླར་ཡང་དོ་དམ་འཛིན་བཟུང་བྱས་ཏེ་དེ་ནས་བཟུང་ཁོ་པ་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད་ ཁ་ས་ཚེས་༩ཉིན་ ལྷོ་ནང་སོག་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཞེས་པར་ཧ་ཌའི་ཨ་ཞང་གི་མཁོ་སྤྲོད་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་ལྟར་ན་ ༢༠༡༠ལོར་ས་གནས་རྒྱ་ནག་གཞུང་གིས་ཧ་ཌ་འཛིན་བཟུང་བྱས་པའི་རྗེས་ ཁོ་པ་ཁྲེ་ཕང་ཞེས་ནང་སོག་ནང་ཡུལ་སྐོར་སྤྲོ་འཆམ་ས་གནས་ཤིག་གི་དོ་དམ་བཀག་ཉར་ཁང་དུ་གནས་སྤོ་བྱས་ཡོད་པ་རེད་ འདི་ལོ་ཕྱི་ཟླ་༤པའི་ནང་ས་གནས་རྒྱ་ནག་གཞུང་གིས་ཧ་ཌ་བཟའ་ཟླ་སིན་ན་དང་བུ་ཕྲུག་བཅས་པར་ཡང་ ཁྲིམས་འགལ་གྱི་ཚོང་ལས་སྤེལ་བའི་ནག་ཉེས་འོག་ལོ་གསུམ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག