རྒྱ་རིགས་ཧུའུ་ཅ་ལོ་གསུམ་བཙོན་འཇུག་བྱས་རྗེས་གློད་བཀྲོལ།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་རྒྱ་རིགས་ཧུའུ་ཅ་ལོ་གསུམ་བཙོན་འཇུག་བྱས་པའི་རྗེས་གློད་བཀྲོལ་བཏང་ཡོད་པ་རེད།

2011.06.26

༄༅༎རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་ཡོ་རོབ་ཁུལ་གྱི་འཚམས་འདྲིར་བསྐྱོད་རྒྱུའི་ཁོངས་ནས་རེས་གཟའ་ཉི་མ་ནས་དབྱིན་ཡུལ་གྱི་འཚམས་འདྲི་འགོ་བཙུགས་པ་དང་དུས་མཚུངས། དེ་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་རྒྱ་རིགས་ ཧུའུ་ཅ་ ལོ་གསུམ་བཙོན་འཇུག་བྱས་པའི་རྗེས་གློད་བཀྲོལ་བཏང་ཡོད་པ་རེད།

ལྦེན་ཅ་བའོ་ཧང་ག་རི་ནས་རེས་གཟའ་སྤེན་པའི་ཉིན་དབྱིན་ཡུལ་དུ་འཚམས་འདྲིར་འབྱོར་ཡོད་པ་དང༌། དེ་ནི་ཁོང་གི་ཡོ་རོབ་ཁུལ་དུ་འཚམས་འདྲིར་བསྐྱོད་རྒྱུའི་ཐོག་མར་དབྱིན་ཡུལ་ནས་འགོ་བཙུགས་པ་ཡིན་ཞིང༌། རྒྱ་ནག་ཕྱོགས་ནས་ད་རེས་ལྦེན་ཅ་བའོ་ཡི་འཚམས་འདྲི་དེའི་ཐོག་ནས་ཡོ་རོབ་རྒྱལ་ཁབ་ནང་། རྒྱ་ནག་གི་ཆེ་མཐོང་འགན་ལེན་སྐྲུན་ཐབས་འབད་བརྩོན་བྱ་རྒྱུའི་ཆེད་ཡིན་ཡང་ནུབ་ཕྱོགས་རྒྱལ་ཁབ་ཚོས། རྒྱ་ནག་གཞུང་གིས་འགྲོི་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་དང་། ལྷག་པར་དུ་ཉེ་བའི་དུས་ཚོད་ནང་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དམངས་གཙོ་དོན་གཉེར་ཅན་ཐོག་རྡུང་རྡེག་བཏང་བའི་བྱ་སྤྱོད་ཐོག་སྐྱོན་བརྗོད་བྱེད་བཞིན་པ་དེར་གདོང་ལེན་བྱ་དགོས་ཀྱི་ཡོད་པ་རེད། དབྱིན་ཇིའི་གཞུང་དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་མཁན་གྱི་ཁོངས་ཀྱི་རྒྱལ་ཁབ་ཞིག་ཡིན་པ་མ་ཟད། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ལྦི་ལི་ཡེམ་ཧེག་མཆོག་ནི། རྒྱ་ནག་གཞུང་གིས་སྒྱུ་རྩལ་བ་སྐད་གྲགས་ཅན་ཨའེ་ལྦེ་ལྦེ་དོ་དམ་བྱས་པའི་བྱ་སྤྱོ་དང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལས་འགུལ་སྤེལ་མཁན་ཐོག་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་གྱི་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཡིན་པར་བརྟེན། ད་རེས་སྲིད་བློན་ལྦེན་ཅ་བའོ་དབྱིན་ཡུལ་དུ་འཚམས་འདྲིར་འབྱོར་བའི་སྐབས་དེར་། རྒྱ་ནག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང༌། ཁོར་ཡུག ཨེཛ་ནད་པའི་ཐོབ་ཐང་རྩོད་ལེན་གནང་མཁན་ཧུའུ་ཅ་གློད་བཀྲོལ་བཏང་བ་ཞིག་ཡིན་པ་རེད། ལོ་ན་༣༧ ཡིན་པའི་ཧུའུ་ཅ་ནི་རྒྱ་ནག་གུང་ཁྲན་ཏང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་དང། ཨེཛ་ནད་པའི་ཐོག་འཛིན་པའི་སྲིད་ཇུས་ལ་ཐད་ཀར་སྐྱོན་བརྗོད་བྱས་པའི་རྗེས། རྒྱ་ནག་ནང་ཨོ་ལིམ་པིཀ་རྩེད་འགྲན་མ་ཚུགས་པའི་ཟླ་བ་འགའ་ཤས་ཀྱི་སྔོན་༢༠༠༨ ལོའི་ཕྱི་ཟླ་བཞི་པའི་ནང་འཛིན་བཟུང་བྱས་ཏེ། རྒྱ་ནག་གཞུང་མགོ་རྟིང་སློག་ཐབས་བྱེད་མཁན་གྱི་ནག་ཉེས་བཙུགས་པ་མ་ཟད། མི་ལོ་གསུམ་ལྷག་ཙམ་བཙོན་འཇུག་བྱས་ཡོད་པ་རེད། དེ་རིང་ཁོང་གི་བཟའ་ཟ་ ཙེང་ཅིན་ཡན་ གྱིས་ཁ་པར་ཐོག་ནས་རོའུ་ཀྲར་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། ཧུའུ་ཅ་དེ་རིང་ཐོ་རེངས་ཚོུད་༢ དང་ཕྱེད་ཀར་ནང་དུ་སླེབས་བྱུང། ཡིན་ནའང་རྗེས་སུ་ཁོང་གིས་གསར་འགོད་པར་སྐད་ཆ་བཤད་ཐུབ་ཀྱི་ཡོད་མེད་ད་ལྟ་བརྗོད་དཀའ་བར་ཡིན་ཞིང༌། ད་ལྟའི་གནས་སྐབས་དེར་ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ན་ཁོང་ལ་དཀའ་ངལ་བཟོ་གི་རེད་བསམ་པའི་བློ་འཚབ་འདུག་ཅེས་ལན་འདེབས་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎