ཐེ་དབན་གྱིས་རྒྱ་ནག་སྲིད་བློན་གྱི་བཀའ་མོལ་ལ་དགའ་བསུ་ཞུས་པ།
2010.09.25
༄༅༎རྒྱ་ནག་གི་སྲིད་བློན་དབུན་ཅའ་བའི་ཡིས་ཨ་རིའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སྐབས་རྒྱ་ནག་གིས་ཐེ་དབན་ཕྱོགས་སུ་ཁ་གཏད་ནས་བཞག་པའི་མི་ཤུགས་ཕུར་མདེལ་དེ་དག་ཉན་ཞིག་མེད་པར་འགྱུར་སྲིད་པའི་སྐོར་གསུངས་ཡོད་པར་དེ་རིང་ཐེ་དབན་ཕྱོགས་ནས་དགའ་བསུ་ཞུས་ཡདོ་པ་རེད་
ཐེ་དབན་གྱི་སྲིད་འཛིན་གཞུང་ལས་ཁང་གིས་ཁ་ས་གཟའ་པ་སངས་ཉིན་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་བའི་ནང་སྲིད་བློན་དབུན་ཅའ་བའོ་ཡི་བཀའ་མོལ་དེ་མགྱོགས་མྱུར་དོན་ཐོག་ཏུ་འཁྱོལ་རྒྱུར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བཀོད་ཡོད་པ་དང་ སྲིད་འཛིན་མའ་དབྱིང་ཇའུ་ཡིས་མགྲིན་ཚབ་པ་ཇོ་སེཕ་ཁྲེན་གྱིས་ཀྱང་ རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་དགོངས་ཞུས་བཀའ་མོལ་དེ་བཞིན་ ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་ནང་གསར་འགོད་པ་ཚོར་གསུངས་བ་ཞིག་ཡིན་པ་དང་ དེའི་ཐོག་ནས་པེ་ཅིན་ཕྱོགས་ནས་བཟང་ཕྱོགས་ཀྱི་གོམ་སྟབས་སྤོ་བཞིན་པ་དེ་མཐོང་ཐུབ་རྒྱུ་མ་ཟད་ མཚོ་ཁ་ཕན་ཚུན་དབར་ཞི་བའི་འཕེལ་རྒྱས་ཀྱི་འབྲེལ་ལམ་སྲིད་བྱུས་དེ་ནི་ ཡང་དག་པ་ཞིག་ཡིན་པའི་དཔང་རྟགས་ཀྱང་ཡིན་པའི་སྐོར་ཐེ་དབན་གྱི་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་འདུག
ཐེ་དབན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་བཀོད་པའི་ནང་ རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་ནང་གསར་འགོད་པས་ རྒྱ་ནག་གཞུང་གིས་ཐེ་དབན་ཕྱོགས་སུ་ཁ་གཏད་ནས་བཞག་པའི་མེ་ཤུགས་ཕུར་མདེལ་དེ་དག་ག་དུས་ཕྱིར་ཐེན་བྱེད་མིན་སྐོར་བཀའ་དྲི་ཞུ་དུས་ རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་ ཁྱེད་ཀྱིས་བཏོན་པའི་གནད་དོན་དེ་མཐར་མེད་པར་འགྱུར་སྲིད་པ་ང་ལ་ཡིད་ཆེས་ཡོད་ཅེས་ལན་འདེབས་གནང་ཡོད་པ་རེད་
རྒྱ་ནག་དང་ཐེ་དབན་དབར་ཕྱི་ལོ་ཉིས་སྟོང་བརྒྱད་ནས་ཚོང་དོན་དང་དཔལ་འབྱོར་གྱི་འབྲེལ་ལམ་བཟང་དུ་ཕྱིན་ཏེ་ ཕྱོགས་གཉིས་དབར་འགྲོ་འོངས་དང་ཚོང་འབྲེལ་ ཡུལ་བསྐོར་སྤྲོ་འཆམ་ལས་རིགས་སོགས་ཀྱི་འབྲེལ་ལམ་ཧ་ཅང་ཟབ་པོ་ཡོད་པའི་ཁར་ ཤེས་ཡོན་དང་རིག་གཞུང་གི་འབྲེལ་ལམ་ཡང་ཧ་ཅང་ཟབ་པོ་ཡོད་ཀྱང་ རྒྱ་ནག་གཞུང་གིས་ཐེ་དབན་དེ་བཞིན་རྒྱ་ནག་གི་མངའ་འོག་ཞིང་ཆེན་ཞིག་ཡིན་པའི་བསམ་ཚུལ་ལ་འགྱུར་ལྡོག་གང་ཡང་མེད་པའི་ཁར་ ཐེ་དབན་གྱིས་རང་བཙན་འམ་ཆེད་རང་བཙན་གྱི་རྣམ་པ་མཚོན་པའི་བྱ་སྤྱོད་རིགས་སྤེལ་རྒྱུར་སྔོན་འགོག་གི་ཆེད་ ཐེ་དབན་ཕྱོགས་སུ་མེ་ཤུགས་ཕུར་མདེལ་༡༦༠༠ཙམ་ཁ་གཏད་ནས་འཇོག་མུས་ཡིན་པ་རེད༎