རྒྱ་ནག་སྲིད་བློན་གྱིས་ཆབ་སྲིད་བསྒྱུར་བཅོས་དགོས་གལ་བཤད།

རྒྱ་ནག་གི་སྲིད་བློན་ལྦེན་ཇིཡ་བའོས་རྒྱ་ནག་ནང་མིང་དོན་མཚུངས་པའི་མང་གཙོ་དང་རང་དབང་དགོས་གལ་ཆེ་ལུགས་བརྗོད་འདུག།

2011.06.28

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པ་དང་སྲིད་དོན་གྱི་ལྟ་བ་མི་མཐུན་མཁན་ཚོར་དམ་བསྒྲཌ་ཆེན་པོ་བྱེད་མུས་ལ་མི་ལྟོས་པར་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་བློན་ལྦེན་ཇིཡ་བའོས་རྒྱ་ནག་ནང་མིང་དོན་མཚུངས་པའི་མང་གཙོ་དང་རང་དབང་དགོས་གལ་ཆེ་ལུགས་བརྗོད་འདུག།

རྒྱ་ནག་གི་སྲིད་བློན་དེང་སྐབས་ཡོ་རོབ་ཁུལ་དུ་རྒྱལ་དོན་འཚམས་གཟིགས་གནང་བཞིན་ཡོད་ཅིང་། ཡོ་རོབ་ཏུ་མ་བསྐྱོད་སྔོན་རྒྱ་ནག་གཞུང་གིས་ཟླ་བ་ཁ་ཤས་སྔོན་འཛིན་བཟུང་དོ་དམ་བྱས་པའི་རྒྱ་ནག་གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་མཁན་ སྒྱུ་རྩལ་བ་གྲགས་ཅན་ཨེ་ལྦེ་ལྦེ་དང་ཁོང་་གི་གྲོགས་པོ་ཁག་ཅིག་གློད་གྲོལ་བཏང་ཡོད་པ་རེད།

ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་བློན་ལྦེན་ཇིཡའ་བའོསདབྱིང་ལེནཌ་དུ་ མིང་དོན་མཚུངས་པའི་རང་དབང་མེད་ཚེ་མང་གཙོ་ཚད་ལྡན་ཞིག་འབྱུང་མི་ཐུབ་ལ། དེ་བཞིན་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཐོབ་ཐང་འགན་སྲུང་ཐུབ་པ་ཞིག་མེད་ཚེ་རང་དབང་ཚད་ལྡན་ཞིག་འབྱུང་ཐབས་མེད་པ་ཞིག་རེད་ཅེས་བརྗོད་འདུག་ལ། ད་དུང་རྒྱ་ནག་གི་སྲིད་བློན་གྱིས་རྒྱ་ནག་ནང་གི་ལྐོག་ཟའི་གནད་དོན་དང་དབུལ་ཕྱུག་དབར་གྱི་ཧེ་བག་ཇེ་ཆེར་འགྲོ་བཞིན་པ་དེས་རྒྱ་ནག་མི་དམངས་ལ་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་ཡང་གསུངས་འདུག།

རྒྱ་ནག་གི་སྲིད་བློན་གྱི་བཀའ་མོལ་དེ་དག་ དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པ་ Royal Society ཞེས་ཆབ་སྲིད་ཚན་རིག་ཞིབ་འཇུག་ལྟེ་གནས་ཁང་དེར་་གདན་ཞུས་ལྟར་གསུང་བཤད་ཅིག་གནང་སྐབས་གསུངས་པ་ཞིག་ཡིན་ཞིང༌།  ཁོང་གིས་ སྐད་ཆ་གསང་པོར་ཞུས་ན་རྒྱ་ནག་ནང་ད་དུང་ཡང་དཔལ་འབྱོར་ཐོབ་ཐང་འདྲ་མཉམ་མེད་པ་ལ་སོགས་པ་རྒྱ་ནག་མི་དམངས་ལ་གནོད་པའི་ལམ་ལུགས་མང་དག་ཅིག་ཡོད་མུས་རེད་ཅེས་དང༌། དཀའ་ངལ་དེ་དག་སེལ་བའི་ཐབས་ལམ་བཟང་ཤོས་ནི་བློ་ཐག་ཆོད་པོས་ཆབ་སྲིད་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུ་དང༌། ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་འོག་སྤྱི་ཚོགས་རིང་ལུགས་ཀྱི་མང་གཙོ་དར་སྤེལ་གཏོང་རྒྱུ་དེ་རེད་ཅེས་བརྗོད་འདུག།

རྒྱ་ནག་གི་སྲིད་བློན་ལྦེན་ཇིཡའ་བའོ་དང་ སྲིད་འཛིན་ཧུ་ཇིན་ཏའོ་སོགས་ད་ལྟའི་རྒྱ་ནག་གི་གནད་ཡོད་འགོ་འཁྲིད་ཁག་ཅིག་ལོ་རྗེས་མ་ཕྱི་ལོ་ ༢༠༡༢ ལོར་རྒས་ཡོལ་དུ་འགྲོ་གི་ཡོད་པ་རེད། རྒྱ་ནག་གི་སྲིད་བློན་གྱི་གསུང་བཤད་གནང་པའི་སྐབས་ ཕྱི་ཕྱོགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎