ལོ་བཞིའི་ཁྲིམས་ཐག་བཅད་འདུག
2013.06.12

༄༅༎རྨ་ལྷོ་རེབ་གོང་ཕྱོགས་ཀྱི་སློབ་གྲྭ་ཁག་མང་པོའི་སློབ་མ་ཚོས་སྐད་ཡིག་རང་དབང་དང་།མི་རིགས་འདྲ་མཉམ་དགོས་པའི་སྐད་འབོད་ཁྲོམ་སྐོར་བྱས་རྗེས་འཇུ་བཟུང་བྱས་པའི་སློབ་མ་རྡོ་རྗེ་དབང་ཕྱུག་ལགས་སུ་མི་ལོ་བཞིའི་དུས་བཀག་ཁྲིམས་ཐག་བཅད་འདུག དེ་ཡང་བོད་ནས་འདྲ་པར་དང་བཅས་གནས་ཚུལ་འབྱོར་དོན།རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་རྡོ་རྗེ་དབང་ཕྱུག་ལགས། ལོ་སྔོན་མར་རྨ་ལྷོ་རེབ་གོང་ཁུལ་དུ་སློབ་གྲྭ་ཁག་གི་བོད་རིགས་སློབ་མ་སྟོང་ཕྲག་ཁ་ཤས་ཀྱིས་སྤེལ་བའི་བོད་དོན་ཞི་བའི་ལས་འགུལ་རྗེས་འཛིན་བཟུང་བྱས་ནས་ཡུན་རིང་བཀག་གཉེར་འདྲི་རྩད་བྱས་ཡོད་པ་དང་། རྗེས་སུ་ཟླ་བ་ཁ་ཤས་བཀག་གཉེར་བྱས་རྗེས་ཁོང་ནི་སྐབས་དེའི་ལས་འགུལ་གྱི་མི་སྣ་གཙོ་གྲས་ཡིན་པའི་ཉེས་མིང་འོག་ས་གནས་རྒྱ་ནག་གི་ཁྲིམས་ཁང་ནས་མི་ལོ་བཞི་ཡི་དུས་བཀག་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པ་རེད་འདུག ཁོང་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་ཤང་རོང་བོ་ཞེས་བ་ནས་ཡིན་པ་དང་། འཛིན་བཟུང་སྐབས་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་བའི་སློབ་མ་ཡིན་འདུག
དེ་ནི་ལོ་སྔོན་མའི་ཟླ་༥བའི་ནང་ཁུལ་དེའི་སློབ་གསོ་བཅོས་བསྒྱུར་ཟེར་བའི་སྲིད་བྱུས་ཐད་རེབ་གོང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་དང་།རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པ།རེབ་གོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་།རེབ་གོང་རྫོང་མི་རིགས་སློབ་འབྲིང་།དབྱི་ཧྥུ་སློབ་འབྲིང་།དེ་བཞིན་ལག་ཤེས་ལས་རིགས་སློབ་གྲྭ་སོགས་ཀྱི་སློབ་མ་སྟོང་ཕྲག་མང་པོས་རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་དང་ཉེན་རྟོག་ལས་ཁུངས། རྫོང་དྲག་ཆས་ལས་ཁུངས་སོགས་ཀྱི་མདུན་དུ།སྐད་ཡིག་རང་དབང་དང་མི་རིགས་འདྲ་མཉམ་དགོས་པའི་ཁྲོམ་སྐོར་སྐད་འབོད་ཤུགས་ཆེན་བྱས་པར་བརྟེན་སྐབས་དེར་སློབ་མ་མང་པོ་འཛིན་བཟུང་དང་།མི་ཉུང་བར་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་།དེ་བཞིན་སྐབས་དེའི་རེབ་གོང་གི་བཅའ་སྡོད་སློབ་ཆུང་གི་སློབ་སྤྱི་པདྨ་ཚེ་བརྟན་དང་།དབྱི་ཧྤུ་སློབ་འབྲིང་གི་སློབ་སྤྱི་རྡོ་རྗེ་རྒྱལ།དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་སྦྱི།ཐུན་རིན་རྫོང་སློབ་གསོ་ཁང་གི་འགོ་ཁྲིད་ལྷ་འབུམ་མཁར། གཞན་ཡང་རྩེ་ཁོག་རྫོང་ཁོངས་ཀྱི་བོད་རིགས་སློབ་སྦྱི་ཁག་བཅས་རིང་བོ་མ་སོང་བར་ལས་གནས་ནས་ཕུད་ཡོད་པ་རེད་འདུག།