དབང་ཆེན་སྒྲོལ་མ་ལགས་སྐུ་གྲོངས་འདུག
2013.06.17

༄༅༎ཉེ་ཆར་ཁམས་རྟའུ་ཁུལ་སྐུ་ལུས་མེར་སྲེག་བཏང་གནང་མཁན་བཙུན་མ་དབང་ཆེན་སྒྲོལ་མ་ལགས་སྨན་ཁང་དུ་འདས་གྲོངས་ཕྱིན་འདུག ཟླ་བ་འདིའི་ཚེས་༡༡ཉིན་བོད་ནང་གི་ཆུ་ཚོད་ལྔ་དང་སྐར་མ་ཉི་ཤུ་ཙམ་ལ།ཁམས་རྟའུ་ཉ་མཚོ་དགོན་པའི་ཉེ་འཁྲིས་སུ་བཙུན་མ་ཞིག་གིས་སྐུ་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གནང་བའི་སྐབས། དེ་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་འཁྱེར་ཡོད་པ་མ་ཚད། ས་གནས་དེའི་བརྡ་འཕྲིན་ཆ་ཚང་བཀག་འགོག་བྱས་པའི་རྐྱེན་གྱིས་ཁོང་གི་མཚན་དང་གནས་ཚུལ་གཞན་ཁ་གསལ་ཤེས་རྟོགས་ཐུབ་མེད། རྗེས་སུ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང༌། སྐུ་ལུས་མེར་སྲེག་བཏང་གནང་མཁན་གྱི་བཙུན་མ་དེའི་མཚན་ལ་དབང་ཆེན་སྒྲོལ་མ་ལགས་ཡིན་པ་དང༌། ཁོང་ཕྱི་ཚེས་༡༤མཚན་མོའི་ཆུ་ཚོད་བརྒྱད་པ་ཙམ་ལ་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་འདས་གྲོངས་ཕྱིན་ཡོད་པ་དང༌།འདས་གྲོངས་སུ་ཕྱིན་རྗེས་ཁོང་གི་སྐུ་ཕུང་ནང་མིར་མ་སྤྲད་པར།རྒྱ་གཞུང་གི་མི་སྣས་སྨན་ཁང་གི་པུར་སྲེག་ཁང་དུ་བསྲེགས་ཡོད་པ་མ་ཟད། འདས་པོའི་ཁྱིམ་དུ་བསྔོ་སྨོན་ལ་ཕེབས་མཁན་སེར་སྐྱ་མང་ཚོགས་ཐོག་བཀག་འགོག་དང་ཁོང་གི་ནང་མིའི་ཐོག་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།བཙུན་མ་དབང་ཆེན་སྒྲོལ་མ་ལགས་ནི་ཁམས་རྟའུ་རྫོང་མི་ཉག་འདྲ་པ་བྲག་ཐོག་ཡུལ་ཚོ་། བྲག་ཐོག་གྲོང་བའི་རྒྱལ་འབུམ་ཚང་ནས་ཡིན་ཞིང༌། ཁོང་གི་ཕ་མིང་ལ་
བསྟན་འཛིན་དང༌། མ་མིང་ལ་གཡུ་སྒྲོན་ཞུ་གི་འདུག། ད་ལོ་དགུང་གྲངས་༣༡རེད་འདུག། དེ་སྔོན་ཁམས་རྟའུ་ སྦར་ཞབས་བྲག་དཀར་ཟེར་སའི་གནས་རི་ཞིག་ཏུ་གྲྭ་བཙུན་གཉིས་ལྡན་གྱི་རྙིང་མའི་དགོན་པ་ཞིག་ཡོད་པ་དེར་ཆོས་ཞུགས་གནང་ཡོད་པ་རེད།།