ཝང་ཅུན་ཀྲེང་བལ་ཡུལ་དུ་ཕྱིན་པ་ནི་རྒྱ་ནག་གིས་བལ་ཡོད་ནང་དམར་ཤོག་གི་སྟོབས་ཤུགས་སྲ་བརྟན་ཡོང་རྒྱུའི་ཐབས་བྱུས་ཤིག་ཀྱང་ཡིན་པ་ཉམས་ཞིབ་པས་བརྗོད་བྱུང་།

2023.11.13
ཝང་ཅུན་ཀྲེང་བལ་ཡུལ་དུ་ཕྱིན་པ་ནི་རྒྱ་ནག་གིས་བལ་ཡོད་ནང་དམར་ཤོག་གི་སྟོབས་ཤུགས་སྲ་བརྟན་ཡོང་རྒྱུའི་ཐབས་བྱུས་ཤིག་ཀྱང་ཡིན་པ་ཉམས་ཞིབ་པས་བརྗོད་བྱུང་། འདི་ཚེས་༡༢ཉིན་Wang Junzhengབལ་ཡུལ་གྱི་གྷངྣ་གྲིཀི་(Gandaki)ས་ཁུལ་གྱི་སྤྱི་ཁྱབ་བློན་ཆེན་Surendra Pandeyལགས་དང་ཐུགས་འཕྲད་ཀྱིས། ༢༠༢༣།༡༡།༡༢
Kathmandu Post

རྒྱ་ནག་གིས་བལ་ཡུལ་དུ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་(Wang Junzheng)ཉེ་ལམ་ཆེད་གཏོང་གིས། ས་གནས་ས་ཐོག་ཏུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་རྒྱ་སྐྱེད་དང་འབྲེལ་བའི་ཐབས་བྱུས་དང་གོ་བསྡུར་གནང་འདུག་ཅིང་། འདི་ཚེས་༡༢ཉིན་Wang Junzhengབལ་ཡུལ་གྱི་གྷངྣ་གྲིཀི་(Gandaki)ས་ཁུལ་གྱི་སྤྱི་ཁྱབ་བློན་ཆེན་Surendra Pandeyལགས་དང་ཐུགས་འཕྲད་ཀྱིས། ཁུལ་དེའི་གྲོང་ཁྱེར་Pokhara ནང་དུ་འཛུགས་སྐྲུན་ཡར་རྒྱས་དང་། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་སོགས་ཀྱི་ཐོག་གོ་བསྡུར་གནང་འདུག

དེའི་ཐད་བལ་ཡུལ་གྱི་གཞུང་ཆབ་ཟུར་པ་སྐུ་ཞབས་Vijay Kantལགས་ཀྱིས། ཝང་ཅུན་ཀྲེང་(Wang Junzheng) བལ་ཡུལ་དུ་ཡོང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཁ་སྔོན་སྤྱི་ཟླ་༩པའི་ནང་བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ཏུ་ཕེབས་པའི་གནད་དོན་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དེ་སྔོན་ཕྱི་ལོ་ ༢༠༡༩ ལོར་བལ་ཡུལ་དུ་བལྟ་སྐོར་ཡོང་བའི་གནད་དོན་བཅས་ཀྱི་ཐོག་གོ་བསྡུར་དང་རྒྱུན་འཁྱོངས་ཀྱིས། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་མཐའ་མཚམས་སྲུང་སྐྱོབ་སོགས་ཀྱི་ཐད་གོ་བསྡུར་བྱས་ཡོད་པ་པ་མ་ཟད། བལ་ཡུལ་ནང་དམར་ཤོག་གི་ལངས་ཕྱོགས་དང་ལྟ་བ་འཛིན་མཁན་གནད་ཡོད་མི་སྣ་ཚོ་ཆིག་སྒྲིལ་ངང་གནས་པའི་ཐོག་དམར་ཤོག་གི་སྟོབས་ཤུགས་སྲ་བརྟན་བཟོ་རྒྱུར་དམིགས་ཡོད། དེ་མིན་ཝང་ཅུན་ཀྲེང་ལ་རྒྱ་ནག་དབུས་གཞུང་དང་བལ་ཡུལ་དབར་གན་རྒྱ་རིགས་བཞག་རྒྱུའི་ནུས་པ་དང་དབང་ཚད་དེ་མེད་ཅེས་འགྲེལ་བརྗོད་གནང་བྱུང་།

Pokharaས་ཁུལ་ནི་བལ་ཡུལ་གྱི་མི་འབོར་མང་ཤོས་གཉིས་པའི་གྲོང་འཁྱེར་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་གྲོང་ཁྱེར་དེ་ནི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ངོས་འཛིན་གནང་མུས་ཡིན་པར་བརྟེན། Wang Junzheng གིས་ཁྱབ་བློན་ཆེན་Surendra Pandey དང་ཐུགས་འཕྲད་ཀྱིས། (Pokhara International Airport) རྒྱལ་སྤྱིའི་གནམ་ཐང་རྒྱ་སྐྱེད་སོགས་དང་འབྲེལ་བའི་སྐོར་གོ་བསྡུར་དང་། རྒྱ་ནག་གཞུང་ཕྱོགས་ནས་འདས་པའི་ལོ་བཞིའི་རིང་བཀག་སྡོམ་བྱས་པའི་Koralaས་མཚམས་དེ་བཞིན་འདི་ཚེས་༡༣ཉིན་དངོས་སུ་སྒོ་འབྱེད་རྒྱུ་ཡིན་པ་བསྒྲགས་འདུག

དེ་སྔོན་BBCགསར་ཁང་ནང་ཕྱག་ལས་གནང་མྱོང་མཁན་རྒྱ་ནག་ཉམས་ཞིབ་པ་སྐུ་ཞབས་Aadil Bra ལགས་ཀྱིས། Wang Junzheng བལ་ཡུལ་ལ་བལྟ་སྐོར་ཡོང་བ་དེས་བལ་ཡུལ་དང་བོད་གྱི་འབྲེལ་བ་ཙམ་མིན་པར། བལ་ཡུལ་ནང་དུ་རྒྱ་ནག་གི་ལྟ་སྤྱོད་དང་མི་མཐུན་པའི་ལས་འགུལ་དང་ཤུགས་རྐྱེན་ཁག་འགོག་ཐབས་ཀྱི་ཆེད་དུ་ཡིན་པའི་ཁར། རྒྱ་ནག་གི་བལ་ཡུལ་ལ་མུ་མཐུད་མཐུན་རྐྱེན་སྦྱོར་སྤྲོད་བྱེད་གི་ཡོད་པ་གསལ་སྟོན་བྱེད་རྒྱུ་དེ་རེད། དེ་སྔོན་རྒྱ་ནག་གིས་ཡུ་རོབ་ནང་མ་འཛུགས་བྱས་པ་དེར་འགྱུར་བ་ཕྱིན་ཏེ། ད་སྐབས་རྒྱ་ནག་གིས་ཡུ་རོབ་དང་འབྲེལ་བ་བྱས་པ་ལས་ལྷག་པ་བལ་ཡུལ་ལྷན་དུ་འབྲེལ་བ་བཟང་དུ་གཏོང་རྒྱུ་དེ་གལ་འགངས་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ནི། བལ་ཡུལ་ནི་རྒྱ་ནག་ལ་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་༢༠༡༧ ལོར་རྒྱ་ནག་དང་བལ་ཡུལ་བར་ཨ་སྒོར་ཐེར་འབུམ་མང་པོ་དང་འབྲེལ་བའི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཐོག་གན་རྒྱ་བཞག་པའི་རྗེས་འབྲས་སུ། ལྷ་ས་ནས་བལ་ཡུལ་བར་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱེད་མུས་ཡིན་པ་མ་ཟད། ལས་གཞི་དེ་ཕྱི་ལོ་ ༢༠༢༤ ལོར་ཤར་གཏོང་བྱ་རྒྱུ་ཡིན་པ་རྒྱ་ནག་གཞུང་གིས་བརྗོད་ཟིན་ཡོད་པ་དང་། ད་དུང་ལས་གཞི་དེའི་འོག་བོད་དང་བལ་ཡུལ་བར་རླངས་འཁོར་གཞུང་ལམ་དང་། གནམ་ཐང་། ཆུ་མཛོད་སོགས་གསར་རྒྱག་བྱེད་མུས་ཡིན་པ་དེ་དག་ལམ་ལྷོང་ཡོང་བར་བལ་ཡུལ་ལྷན་དུ་དམིགས་བསམ་འབྲེལ་བ་དགོས་རྒྱུ་གལ་འགངས་ཆེན་པ་ཆགས་ཡོད་པ་རེད།

ཡང་འདི་ཚེས་ ༩ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོ་ཝང་ཅུན་ཀྲེང་(Wang Junzheng) གིས་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་Pushpa Kamal Dahalལགས་དང་ཐུགས་འཕྲད་ཀྱིས། བོད་དང་བལ་ཡུལ་དབར་གྱི་ཚོང་འབྲེལ་དང་། ཡུལ་སྐོར་སྤྲོ་འཆམ། རྒྱ་ནག་གི་བལ་ཡུལ་ལ་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་སོགས་ཀྱི་ཐོག་གོ་བསྡུར་བྱས་པ་དང་ ཕྱོགས་གཉིས་ཀྱི་དབར་འབྲེལ་ལམ་དམ་ཟབ་ཏུ་གཏང་རྒྱུ་སོགས་ཀྱི་སྐོར་གོ་བསྡུར་བྱས་ཡོད་ཚུལ་བརྗོད་དེ། ད་སྐབས་བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་ཆ་ཚང་སྒོ་ཕྱེས་ཏེ་ཕྱོགས་གཉིས་དབར་འགྲུལ་བཞུད་ཀྱི་ལམ་བུ་བསྐྱར་གསོ་བྱས་ཡོད་པ་ཝང་ཅུན་ཀྲེང་(Wang Junzheng) གིས་བརྗོད་འདུག་པ་མ་ཟད། བལ་ཡུལ་གཞུང་གི་འཛིན་སྐྱོང་ལ་སྒྱུར་བཅོས་ཡོང་སླད་རྒྱ་ནག་གཞུང་གིས་ཡུལ་དེའི་ནང་རྒྱ་སྒོར་(RMB) ས་ཡ་༢༠ ཡི་རོགས་སྐྱོར་བྱེད་མུས་ཡིན་ཚུལ་བརྗོད་འདུག

ཝང་ཅུན་ཀྲེང་ནི་དེ་སྔ་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་མགོ་གཙོ་གཞོན་པ་ཡིན་པའི་སྐབས་ཡུ་གུར་མི་རིགས་ལ་དྲག་གནོན་ཚབ་ཆེན་བྱས་པའི་རྐྱེན་གྱིས་ཨ་རིས་ཁོང་ལ་ཉེས་ཆད་བཅད་ཡོད་ཀྱང་། ཕྱི་ལོ་ ༢༠༢༡ ལོའི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་ཁོང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད།  ད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་མ་ཟད། ཨ་རིའི་རང་དབང་ཁང་པས་ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་ནང་གི་རང་དབང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན་པའི་ནང་། བོད་འདི་རང་དབང་མེད་པའི་ཡུལ་ལུང་ཆེས་སྡུག་ཤོས་གྲས་སུ་མིང་འདོན་བྱས་ཡོད་པ་རེད།

གཞན་ཡང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་མི་མང་པོ་ཞིག་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་བའི་གནས་ཚུལ་ཡང་བྱུང་ཡོད་ལ། ད་སྐབས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཉིན་མོ་ཙམ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་ཐད་དམ་དྲགས་བྱེད་མུས་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཡང་ཡུལ་དེའི་ནང་ཕེབས་རྒྱུར་བཀག་འགོག་བྱེད་མུས་ཡིན་པ་རེད།

 

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎