ཨ་རི་དང་སོག་ཡུལ་གྱི་འབྲེལ་བར་བསྔགས་བརྗོད།
2011.08.22
༄༅༎ཨ་རིའི་སྲིད་འཛིན་སྐུ་གཞོན་ཇོ་སེཕ་སྦའེ་ཌེན་མཆོག་གིས་ཨ་མི་རི་ཀ་དང་སོག་ཡུལ་གྱི་འབྲེལ་བ་དེར་བསྔགས་བརྗོད་གནང་ཡོད་པ་རེད་ རེས་གཟའ་ཟླ་བ་ཉིན་སྐུ་ཞབས་སྦའེ་ཌེན་མཆོག་གིས་སོག་པོའི་སྲིད་འཛིན་ཚ་ཀི་ཡ་ཨེལ་སྦེག་རྡོཇ་མཆོག་དང་མཇལ་མོལ་གནང་བའི་ནང་དེང་སྐབས་སོག་པོའི་ཡུལ་དེ་འཛམ་གླིང་ནང་སྲིད་དོན་གྱི་འགྱུར་བ་འགྲོ་བཞིན་པའི་ཡུལ་ཁག་ནང་དཔེ་མཚོན་ལྟ་བུར་གྱུར་ཡོད་པ་རེད་ཅེས་དང་འཛམ་གླིང་གི་དམངས་གཙོའི་ལས་འགུལ་ནང་འགོ་འཁྲིད་མཁན་གྱི་རྒྱལ་ཁབ་ཅིག་ལ་གྱུར་ཡོད་པ་རེད་ཅེས་གསུང་འདུག ཡང་ཁོང་གིས་སོག་ཡུལ་དེ་འགན་འཁུར་གནང་མཁན་གྱི་རྒྱལ་ཁབ་ཅིག་དང་ཨ་མི་རི་ཀའི་མཛའ་གྲོགས་ཤིག་དང་མཉམ་འབྲེལ་གནང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་དེ་ཧམ་བཤད་བྱས་པ་རྩ་བ་ནས་ཆགས་ཀྱི་མེད་སྐོར་གསུང་འདུག སོག་ཡུལ་དེ་རྒྱ་ནག་དང་ར་ཤི་ཡའི་ཡུལ་གཉིས་བར་ཆགས་ཡོད་ལྟབས་ཡུལ་དེའི་ཕྱི་སྲིད་དེ་ཡུལ་དེ་གཉིས་ལ་མ་ཕོག་པའི་སྲིད་བྱུས་ཤིག་འཛིན་ཡོད་ནའང་ཉེ་བའི་ཆར་སོག་ཡུལ་གྱིས་ཨ་མི་རི་ཀ་དང་འབྲེལ་བ་གནང་ཕྱོགས་དེ་གཟབ་ཏུ་བཏང་ཡོད་པ་དང་ད་ཐེངས་ཨ་རིའི་སྲིད་འཛིན་སྐུ་གཞོན་སྦའེ་ཌེན་མཆོག་གིས་སོག་ཡུལ་གྱི་གཟིགས་བསྐོར་འདིའི་སྐབས་སོག་ཡུལ་གྱིས་ཨི་རཀ་དང་ཨཕ་ག་ནི་སི་ཏན་ནང་སོག་པོའི་དམག་མི་ ༤༠༠ སྐོར་ཞིག་བཏང་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད་
ཡང་དེང་སྐབས་སོག་ཡུལ་ནང་གི་རྡོ་སོལ་གྱི་གཏེར་ཁ་བསྔོག་འདོན་བྱེད་རྒྱུའི་ལས་གཞི་རྒྱ་ཆེ་བ་ཞིག་འགོ་འཛུགས་གནང་བཞིན་ཡོད་པ་དང་རྡོ་སོལ་བསྔོག་འདོན་གྱི་ལས་གཞི་དེས་སོག་པོའི་ཡུལ་མི་མང་མང་པོ་ཞིག་ལ་ལས་ཀ་དང་དབུལ་ཕོངས་ཀྱི་དཀའ་སྡུག་སེལ་བའི་རེ་བ་གནང་གི་ཡོད་པ་རེད་ སོག་ཡུལ་གྱི་རྡོ་སོལ་བསྔོག་འདོན་གྱི་ལས་གཞི་དེར་ཕྱིའི་ཡུལ་ཁག་གི་གཏེར་ཁ་བསྔོག་འདོན་གྱི་ཚོང་ལས་སྡེ་ཁག་ཅིག་ནས་གཏེར་ཁ་བསྔོག་འདོན་གྱི་ལས་གཞིའི་ནང་ཞུགས་རྒྱུའི་འཆར་གཞིའི་ནང་ཨ་མི་རི་ཀའི་ཁེ་གཉེར་ལས་ཁང་པི་སྦོ་ཌི་ཨེ་ནར་ཇི་ཞེས་པའི་ལས་ཁང་དེ་ཡང་ཡོད་པ་རེད་ སོག་ཡུལ་གྱི་ཏ་ལྦན་ཏོལ་གོའེ་ཞེས་པའི་རྡོ་སོལ་བསྔོག་འདོན་བྱེད་ཡུལ་གྱི་ས་གནས་དེ་འཛམ་གླིང་ནང་རྡོ་སོལ་གྱི་གཏེར་ཁ་ཆེ་ཤོས་ཤིག་ཡོད་པར་ངོས་འཛིན་དང་དེར་རྡོ་སོལ་ཀྲོན་འཐེར་འབུམ་༦ དང་ཕྱེད་ཀ་ཙམ་ཡོད་པའི་ཚོད་དཔགས་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག