ལྕམ་ཨུཛ་ར་ཛེ་ཡ་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་དམངས་བདེ་འཇགས་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཟུང་འབྲེལ་དྲུང་ཆེར་བསྐོ་བཞག་གནང་པ།
ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་གོང་མས་ལྕམ་ཨུཛ་ར་ཛེ་ཡ་Uzra Zeya ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གནས་རིམ་གསུམ་པའི་གོ་གནས་ Under Secretary འམ་ཟུང་འབྲེལ་དྲུང་ཆེར་བསྐོ་གཞག་གནང་རྒྱུར་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཞིང་། གྲོས་ཚོགས་གོང་མའི་འཐུས་མི་ ༡༠༠ ཡོད་པ་ནས་ ༧༡ གིས་རྒྱབ་སྐྱོར་དང་ ༢༣ གྱིས་དགག་བྱ། འཐུས་མི་དྲུག་གིས་བར་བཞུགས་གནང་འདུག
དེ་སྔ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་པ་གསུམ་ལྕམ་ཛེ་ཡ་ལགས་ཀྱི་གོ་གནས་འདིའི་ཐོག་བསྐོ་བཞག་བྱུང་ཡོད་སྟབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ལྕམ་ཨུཛ་ར་ཛེ་ཡ་ཁོང་ཡང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དུ་བསྐོ་གཞག་གནང་བའི་རེ་བ་གནང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ལྕམ་ཨུཛ་ར་ཛེ་ཡ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཟུང་འབྲེལ་དྲུང་ཆེ་འམ་ Under Secretary ལ་བསྐོ་བཞག་བྱུང་མ་ཐག་ཡིན་སྟབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཁོང་ཨ་རིའི་གཞུང་གི་བོད་དོན་ཐད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་བཞག་གནང་མིན་ད་ལྟ་ལན་འདེབས་གང་ཡང་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མིང་འབོད་མ་གནང་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་བྱུང་། ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀེན་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་མྱོང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལཌ་ཏྲམཔ་ལོ་བཞིའི་རིང་སྲིད་འཛིན་གནང་སྐབས། ལོ་གསུམ་ལྷག་ཙམ་བོད་དོན་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་གནང་མེད་པ་ཅིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨ་རིའི་སྲིད་འཛིན་ཇཱོ་སྦཡེ་ཌེན་སྲིད་གཞུང་ངོས་ནས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་གཞག་གནང་རྒྱུ་ཡིན་པ་ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་སྐབས་སྦཡེ་ཌེན་རང་ནས་ཡོངས་ཁྱབ་དྲིལ་བསྒྲགས་གནང་ཡོད་པ་གསུངས་བྱུང་།
ཨ་རིའི་སྲིད་འཛིན་འཇོ་སྦཡེ་ཌན་མཆོག་སྔ་ལོ་སྲིད་འཛིན་གྱི་འོས་མིར་བཞེངས་སྐབས། ཁོང་གི་སྲིད་གཞུང་གི་ངོས་ནས་བོད་དོན་ཆེད་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་གསར་པ་བསྐོ་བཞག་གནང་རྒྱུ་དང་། སྤྱི་ནོར་༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ། དེ་བཞིན་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡེལ་བཤིག་གཏོང་མཁན་དང་དེ་དག་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་རྒྱུ། བོད་ནང་གི་དངོས་ཡོད་གནས་ཚུལ་འཛམ་གླིང་ནང་ཤེས་རྟོགས་ཡོང་ཆེད་སོགས་ཀྱི་ཐད་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།
ལྕམ་ཨུཛ་ར་ཛེ་ཡ་ལགས་ནི་ཨ་རིའི་ཕྱི་འབྲེལ་ལས་རིགས་འདྲ་མིན་ཐོག་ལོ་ངོ་ ༢༧ རིང་ཕྱག་ལས་གནང་པའི་ཉམས་མྱོང་ཡོད་པ་དང་བོད་དོན་ཐད་རྒྱུས་མངའ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད། ཁོང་གི་མེས་པོའི་མི་རྒྱུད་རྒྱ་གར་བ་ཡིན་ཞིོང་། སྲིད་འཛིན་བྷ་རཀ་ཨོ་སྦ་མའི་སྲིད་གཞུང་སྐབས་ཕྱི་སྲིད་ལས་ཁུངས་ཀྱི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། སྤྱི་མང་བདེ་འཇགས་ཀྱི་དྲུང་ཆེ་ལས་རོགས་ཀྱི་ལས་ཚབ་ཀྱི་གོ་གནས་ཐོག་ཕྱག་ལས་གནང་འདུག་ལ། ཧྥ་རན་སིའི་་ནང་ཨ་རིའི་གཞུང་ཚབ་པའི་ཐུགས་འགན་ཡང་བཞེས་གནང་ཡོད་པ་རེད།