ཡུ་གུར་བས་བཙོན་ཁང་ནས་ཟས་བཅད་ངོ་རྒོལ་བྱེད་བཞིན་པ།
2016.06.01
ཡུ་གུར་བ་མི་གྲངས་བཅོ་ལྔས་རྒྱ་ནག་ལ་སློག་པ་ལས་ཤི་ན་དགའ་ཞེས་ཐེ་ལན་ཊའི་བཙོན་ཁང་དུ་ཟས་བཅད་ངོ་རྒོལ་བྱེད་བཞིན་པ་རེད།
ཐེ་ལེན་ཊའི་ནང་དོ་དམ་བཀག་ཉར་འོག་ཡོད་པའི་ཡུ་གུར་བ་མི་གྲངས་༡༥་ཡིས་ཕྱི་ཟླ་༥་པའི་ཚེས་༣༡་ནས་བཟུང་བཙོན་ཁང་ནང་ཟས་བཅད་ངོ་རྒོལ་གི་ལས་འགུལ་ཞིག་འགོ་ཚུགས་བྱས་ཡོད་པ་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་གནས་ཚུལ་ཕྱི་བསྒྲགས་བྱས་འདུག
དེ་ཡང་ཐེ་ལེན་ཊའི་ནང་དེང་སྐབས་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཤར་ཏུར་ཀིས་ཐན་ནས་བྲོས་བྱོལ་དུ་ཡོང་བའི་ཡུ་གུར་བ་མི་གྲངས་༧༠་ཙམ་ཡོད་པ་དེ་དག་ཐེ་ལེན་ཊའི་གཞུང་གིས་ཕྱི་ལོ་༢༠༡༤་ནས་བཟུང་ཁྲིམས་གཅོད་གང་ཡང་མེད་པར་ཕྱི་མི་བཀག་ཉར་བྱེད་སའི་བཙོན་ཁང་ཁག་ཏུ་འཇོག་མུས་ཡིན་པ་མ་ཟད། དོ་དམ་བཀག་ཉར་འོག་ཡོད་པའི་ཡུ་གུར་བ་རྣམས་རིམ་པས་རྒྱ་ནག་ཏུ་ཕྱིར་སློག་བྱེད་སྲིད་སྟབས། ཕྱིར་སློག་བྱས་རྗེས་རྒྱ་ནག་གི་བཙོན་ནང་སྡུག་སྦྱོང་གནར་གཅོད་མྱོང་བ་ལས། ཐེ་ལེན་ཊ་ནང་ཤི་ན་དགའ་བའི་བདམས་ཀ་བྱས་ཏེ་མི་གྲངས་༡༥་ཡིས་གོང་ཚེས་ཉིན་ཟས་བཅད་ངོ་རྒོལ་འགོ་འཛུགས་བྱས་ཡོད་པའི་སྐོར་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་དེ་དག་གིས་འཛམ་གླིང་ཡུ་གུར་ལྷན་ཚོགས་ལ་བསྐུར་བའི་ཡི་གེ་ཞིག་ནང་བརྗོད་ཡོད་འདུག་པ་དང་། ཡི་གེ་དེའི་ནང་མུ་མཐུད་ཐེ་ལེན་ཊ་གཞུང་གིས་དེ་སྔ་ཡང་ཡུ་གུར་བ་མི་གྲངས་༡༤༠་ཙམ་རྒྱ་ནག་ལ་ཕྱིར་སློག་བྱས་མྱོང་ཡོད་པ་ལྟར། ད་ཆ་ཐེ་ལེན་ཊ་གཞུང་གིས་དོ་དམ་བཀག་ཉར་འོག་ཡོད་མུས་ཡིན་པའི་ཡུ་གུར་བ་མི་གྲངས་༧༠་དེ་དག་ཀྱང་རྒྱ་ནག་ཏུ་ཕྱིར་སློག་བྱེད་སྲིད་པར་སོང༌། ཐེ་ལེན་ཊ་གཞུང་གིས་བྱེད་སྟངས་དང་། དོ་དམ་བཀག་ཉར་འོག་ཡོད་པའི་ཡུ་གུར་མི་རིགས་རྣམས་ཀྱི་ཡ་ང་བའི་གནས་སྟངས་ཐོག་རྒྱལ་སྤྱིའི་དོ་སྣང་ཡོང་ཐབས་སུ་ད་ལྟའི་ཟས་བཅད་ངོ་རྒོལ་འགོ་འཛུགས་བྱས་པ་ཡིན་ཞེས་བཀོད་ཡོད་འདུག།
གསར་འགོད་པ་ངག་དབང་ཆོས་འཕེལ།