སྐྱོན་འཛུགས་བྱེད་རེས་ཁྲོད་ཨ་རྒྱ་གཉིས་ཀྱི་མཐོ་རིམ་དཔོན་རིགས་བར་གྲོས་མོལ་དང་པོ་བྱས།

2021.03.19
སྐྱོན་འཛུགས་བྱེད་རེས་ཁྲོད་ཨ་རྒྱ་གཉིས་ཀྱི་མཐོ་རིམ་དཔོན་རིགས་བར་གྲོས་མོལ་དང་པོ་བྱས། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་བར་མཇལ་མོལ་ཐེངས་དང་པོ་གནང་སྐབས། ༣།༡༨།༢༡
AFP

ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་བར་མཇལ་མོལ་ཐེངས་དང་པོ་གནང་སྐབས་ཕྱོགས་གཉིས་ཀྱིས་ཕན་ཚུན་སྐྱོན་འཛུགས་དང་གཤེ་གཤེ་གཏོང་རེ་བྱས་འགོ་བཙུགས་འདུག
དེ་ཡང་ཨ་མི་རི་ཀའི་གཞུང་འཛིན་གསར་པ་དང་རྒྱ་ནག་བར་ཐེངས་དང་པོའི་འབྲེལ་ལམ་མཇལ་འཕྲད་དེ། ཨ་རིའི་ཕྱོགས་ནས་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀེན་(Antony Blinken)དང་། རྒྱལ་སྲུང་སློབ་སྟོན་པ་(Jake Sullivan)གཉིས་ཀྱིས་སྣེ་ཁྲིད་པ་དང་། རྒྱ་ནག་གི་ཕྱོགས་ནས་རྒྱ་ནག་གི་་ཕྱི་འབྲེལ་སྲིད་ཇུས་ཐོག་གི་དཔོན་རིགས་(Yang Jiechi)དང་། ཕྱི་སྲིད་བློན་ཆེན་ཝང་ཡེ་(Wang YI)གཉིས་ཀྱིས་སྣེ་ཁྲིད་ནས་ཨ་རིའི་མངའ་སྡེ་ཨ་ལཱ་སི་ཀཱ་(Alaska)འི་གྲོང་ཁྱེར་(Anchorage)ནང་འདི་ཚེས་༡༨རེས་གཟའ་ཕུར་བུའི་ཉིན་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Blinken)ལགས་ཀྱིས་དབུ་འཛུགས་གཏམ་བཤད་སྐབས། རྒྱ་ནག་གཞུང་གིས་ཤིན་ཅང་དང་ཧོང་ཀོང་། ཐེ་ཝན་བཅས་ཀྱི་ཐོག་སྲིད་ཇུས་འཛིན་སྟངས་ཐད་ཨ་མི་རི་ཀར་བློ་ཚབས་ཆེན་པོ་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཨ་རིའི་དྲ་རྒྱའི་ཐོག་འཇབ་རྒོལ་དང་། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་བཙན་སྐུལ་བྱས་པ་སོགས་ཀྱི་གནད་དོན་ཁག་གི་ཐོག་གོ་བསྡུར་བྱེད་རྒྱུ་དང་། རྒྱ་ནག་གི་བྱ་སྤྱོད་དེ་དག་གིས་རྒྱལ་སྤྱིའི་བརྟན་ལྷིང་སྲུང་སྐྱོབ་བྱེད་མཁན་གྱི་སྒྲིག་ཁྲིམས་ཁག་ལ་ཉེན་ཚབས་བཟོ་བཞིན་ཡོད་པ་བརྗོད་འདུག འོན་ཀྱང་རྒྱ་ནག་གཞུང་གི་ཆེས་མཐོའི་ཕྱི་འབྲེལ་སྲིད་ཇུས་ཐོག་གི་དཔོན་རིགས་(Yang)ལགས་ཀྱིས། ཨ་རིས་རང་གི་འགྲན་ཟླ་བྲལ་བའི་དམག་དོན་དང་དཔལ་འབྱོར་གྱི་སྟོབས་ཤུགས་ངོམ་ནས་ཡུལ་གྲུ་གཞན་ལ་བཙན་གནོན་དང་། རྒྱལ་ཁབ་གྱི་བདེ་འཇགས་སྲུང་སྐྱོབ་གྱི་མིང་ཐོག་ནས་རྒྱུན་ལྡན་གྱི་ཚོང་འབྲེལ་ལ་འགོག་རྐྱེན་བཟོ་བ། དེ་བཞིན་རྒྱ་ནག་ལ་ཡུལ་གྲུ་གཞན་གྱིས་འཐབ་རྒོལ་བྱེད་དགོས་པའི་བརྒྱུད་སྐུལ་བྱེད་ཀྱི་ཡོད་པ། མདོར་ན། ཨ་རིས་རྒྱ་ནག་ལ་ཡག་པོ་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་འདུག
ཡང་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་(Sullivan)ལགས་ཀྱིས། ཨ་རིའི་ངོས་ནས་རྒྱ་ནག་དང་ལྷན་དུ་འཁྲུག་རྩོད་སློང་རྒྱུའི་འདོད་པ་མེད། ཡིན་ཡང་ང་ཚོའི་མཐུན་ཕྱོགས་གྲོགས་པོ་ཚོ་དང་ང་ཚོའི་མི་དམངས་ཀྱི་བདེ་སྡུག་གི་ཆེད་དུ། ང་ཚོའི་རྩ་དོན་ནམ་ཡང་དོར་རྒྱུ་མ་རེད་ཅེས་འཛམ་གླིང་གི་གསར་འགོད་པ་ཚོ་མདུན་དུ། རྒྱུན་ལྡན་དང་མི་འདྲ་བར་ཐོག་མའི་འཆར་གཞི་སྐར་མ་ཁ་ཤས་ཀྱི་གཏམ་བཤད་དུས་ཚོད་ལས་བརྒལ་ནས་ཆུ་ཚོད་གཅིག་ལས་མང་བ་ཕན་ཚུན་ལ་སྐྱོན་བརྗོད་དང་གཤེ་གཤེ་གཏོང་རེ་བྱས་ཡོད་པ་རེད། འོན་ཀྱང་། དེའི་རྗེས་སྐུ་ཚབ་བར་ནང་མོལ་གྱི་སྐབས་སུ་དོན་སྙིང་ལྡན་པ་བྱུང་ཡོད་ཚུལ་ཨ་རིའི་འབྲེལ་ཡོད་དཔོན་རིགས་ཚོས་བརྗོད་འདུག་པ་དང་། དེ་བཞིན་རྒྱ་ནག་གི་དཔོན་རིགས་(Yang)གིས་འདས་པའི་ཨ་རི་དང་རྒྱ་ནག་གཉིས་བར་བྱུང་བའི་ཚབས་ཆེའི་དཀའ་ངལ་དེ་མུ་མཐུད་དུ་འཇོག་རྒྱུ་མེད་པའི་སྐོར་བརྗོད་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ན། ད་ཐེངས་ཨ་རྒྱ་གཉིས་ཀྱི་ཕྱི་འབྲེལ་མི་སྣའི་བར་ཚོར་བ་རྣོ་བའི་བསམ་ཚུལ་མི་མཐུན་པའི་གནད་དོན་ཁག་ཅིག་གི་ཐོག རྒྱུན་ལྡན་གྱི་ཕྱི་འབྲེལ་གྱི་ཐབས་ཇུས་དང་འགལ་ནས་རྒྱལ་སྤྱིའི་བརྒྱུད་ལམ་གྱི་མདུན་དུ་བཤད་རེས་ཐུག་པ་དེས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཐད་ཕན་གྱི་ཡོད་མིན་དོགས་སློང་བྱེད་ཀྱི་ཡོད། ཆེ་མཐོའི་དཔོན་རིགས་བར་མཇལ་འཕྲད་མ་བྱུང་སྔོན་ནས། ཨ་རིས་རྒྱ་ནག་གཞུང་ལ་ཐད་ཀར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་བརྟེན་ནས། རྒྱ་ནག་གི་ངོས་ནས་ཀྱང་ཨ་རིར་ལན་འདེབས་བྱེད་རྒྱུ་གྲ་སྒྲིག་བྱས་ནས་སླེབས་ཡོད་ཚོད་འདུག་ཅེས་བརྗོད་འདུག ལྷག་པར་དུ་ཨ་རིའི་སྲིད་འཛིན་སྐུ་ཞབས་འཇཱོ་སྦཡེ་ཌེན་(Joe Biden)གྱི་གཞུང་དང་རྒྱ་ནག་གི་དཔོན་རིགས་བར་ཐེངས་དང་པོ་གྲོས་མོལ་གནང་ལ་ཉེ་བའི་སྐབས། ཧོང་ཀོང་ནང་ཆབ་སྲིད་ཀྱི་རང་དབང་ཐོག་ལ་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་དང་ཧོང་ཀོང་གི་དཔོན་རིགས་༢༤ལ་ཨ་མི་རི་ཀས་ཉེས་ཆད་བཀེལ་ཡོད་པ་དེས། རྒྱ་ནག་ཁོང་ཁྲོ་སླངས་ཡོད་པ་རེད།
གསར་འགོད་པའི་མདུན་དུ། ཕྱི་འབྲེལ་མི་སྣ་ཚོས་གཏམ་བཤད་རྫིག་པོ་དེ་རིགས་བྱེད་པ་ནི་དུས་རྒྱུན་རྒྱལ་ནང་གི་མི་དམངས་ལ་དམིགས་ནས་བཤད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་འདུག
ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)ལགས་ཀྱིས་རྒྱ་ནག་གི་ཐོག་ལ་སྲིད་ཇུས་འཛིན་སྟངས་འཇམ་དྲགས་པ་ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མིས་སྐྱོན་བརྗོད་བྱེད་བཞིན་ཡོང་ཀྱང་། ཉེ་བའི་ཆར་འཇཱོ་སྦཡེ་ཌེན་(Joe Biden)ལགས་ཀྱིས་རྒྱ་ནག་ལ་ཁ་གཏད་ཆེད་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཐོག་གསོན་ཤུགས་གསར་པ་ཞིག་བསྐྲུན་ཚུལ་གྱིས་དགའ་བསུ་ཐོབ་ཀྱི་ཡོད་པ་རེད།
ཨ་རིའི་སྐུ་ཚབ་རྒྱ་ནག་གི་སྐུ་ཚབ་དང་ལྷན་དུ་མཇལ་འཕྲད་མ་གནང་གོང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཡོ་རོབ་དང་རྒྱ་གར་གཙོས་པའི་ཨེ་ཤེ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་ལམ་སྲ་བརྟན་དུ་བཏང་ནས། རྒྱ་ནག་ལ་ཁ་གཏད་གདོང་ལེན་བྱེད་རྒྱུའི་གྲ་སྒྲིག་ཡོད་ཅིང་། ད་ཐེངས་ཆེས་མཐོའི་སྐུ་ཚབ་བར་གྱི་གྲོས་མོལ་དེ་ཉིན་དང་པོར་རྒྱུན་ལྡན་དང་མི་འདྲ་བ་ཞིག་བྱུང་ཡོད་པས། འདི་ཚེས་༡༩གཟའ་པ་སངས་ཉིན་མཇུག་བསྡོམས་ཀྱི་སྐབས་གྲུབ་འབྲས་གང་འདྲ་ཐོན་མིན་བཤད་ཚོད་དཀའ་བ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎