ཨ་རིས་ཐེ་དབན་གྱིས་ཨེཕ་༡༦་ཇེཊ་ཡར་རྒྱས་གཏང་རྒྱུ།
2011.07.03
༄༅༎ཨ་མི་རི་ཀའི་ཕྱོགས་ནས་ཐེ་དབན་ལ་མངོན་ཐོན་ཅན་གྱི་ཨེཕ་༡༦རྟགས་ཅན་གྱི་དམག་གི་གནམ་གྲུ་ཚོང་འགྱུར་མ་བྱེད་པར་དེའི་ཚབ་ཏུ་དེ་ལས་ནུས་སྟོབས་ཆུང་བའི་ཨེཕ་༡༦རྟགས་ཅན་གྱི་ད་ཡོད་དམག་གི་གནམ་གྲུ་དེ་ཡར་རྒྱས་གཏང་རྒྱུའི་འཆར་གཞི་གང་མགྱོགས་གསལ་བསྒྲགས་གནང་རྒྱུ་ཡིན་པའི་སྐོར་ཐེ་དབན་ཡི་མཐོ་རིམ་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་རེས་གཟའ་སྤེན་པའི་ཉིན་གསུངས་ཡོད་པ་རེད།
གནས་ཚུལ་དབྱེ་ཞིབ་པས་གསུངས་ན། ཨ་མི་རི་ཀས་ཐེ་དབན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུར་རྒྱ་ནག་གཞུང་གིས་མཐའ་ཅིག་ཏུ་ངོ་རྒོལ་བྱས་པར་བརྟེན་ནས། ཨ་མི་རི་ཀའི་ཕྱོགས་ནས་རྒྱ་ནག་གི་སྐྱོན་བརྗོད་དང་གནོན་ཤུགས་ཤུགས་ཆུང་བ་ཡོང་རྒྱུའི་ཆེད་དུ།
F-16C/Ds རྟགས་ཅན་གྱི་དམག་གི་གནམ་གྲུ་ནུས་སྟོབས་ཆེ་བ་དེ་ཚོང་བསྒྱུར་མ་བྱས་པར། དེ་ལས་ནུས་སྟོབས་ཆུང་བའི་F-16A/B རྟགས་ཅན་དེ་ཡར་རྒྱས་གཏང་རྒྱུའི་བྱ་ཐབས་འཛིན་པ་ཞིག་ཡིན་པ་གསུངས་གི་ཡོད་པ་རེད། ཐེ་དབན་གྲོས་ཚོགས་ཀྱི་སྲུང་སྐྱོབ་ཚོགས་ཆུང་གི་ ཅིན་ཡུས་ཧྤང་ ནི་ཨ་མི་རི་ཀས་ཐེ་དབན་ལ་གོ་མཚོན་ཚོང་’འགྱུར་གྱི་ཐག་གཅོད་ཡོང་ཐབས་གནང་བར་ལོ་གཉིས་ཀྱི་རིང་ལ་ཨ་མི་རི་ཀར་ཐེངས་གཉིས་འཚམས་འདྲིར་བསྐྱོད་ཡོད་པ་བཞིན་ཁོང་གིས་ཨ་རི་དང་ཐེ་དབན་དབར་གྱི་ནང་འགྲིག་གི་ཐག་གཅོད་ཞིག་ཡིན་པ་གསུངས་ཡོད་པ་རེད། ཐེ་དབན་གྱི་དགྲ་ཁ་གཏད་རྒྱ་ནག་སྐམ་ས་ཆེན་པོས་དམག་དོན་གྱི་ནུས་སྟོབས་མྱུར་པོས་ཡར་རྒྱས་གཏོང་གི་ཡོད་པར་བརྟེན་ནས། ཐེ་དབན་གྱི་དམག་དོན་རྒྱ་ནག་དང་འདྲ་མཉམ་ཡོང་ཐབས་ལ་དམིགས་ཏེ། ཐེ་དབན་གྱི ཕྱོགས་ནས་ཨ་མི་རི་ཀར་F-16C/Ds རྟགས་ཅན་གྱི་དམག་གི་གནམ་གྲུ་ནུས་སྟོབས་ཆེ་བ་དེ་ཚོང་བསྒྱུར་ཡོང་བའི་ཡང་སེ་རེ་སྐུལ་ཞུ་བཞིན་ཡོད་ཅིང༌།འོན་ཀྱང་རྒྱ་ནག་ཕྱོགས་ནས་ཨ་མི་རི་ཀའི་གོ་མཚོན་ཐེ་དབན་ལ་ཚོང་འགྱུར་བྱ་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་དང་ཁོང་ཁྲོ་བྱེད་པ་ནི། ༢༠༡༠ ལོར་ཨ་རིའི་སྲིད་འཛིན་ཨོ་སྦ་མའི་གཞུང་གིས། ཐེ་དབན་རྒྱལ་སྲུང་གི་ཆེད་དུ་ཨ་རིའི་ཊོ་ལར་ཐེར་འབུམ་༦ དང་གྲངས་ཆུང་༤ ཡི་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་གནང་བ་དེར། རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། ཨ་མི་རི་ཀས་ཐེ་དབན་ལ་གོ་མཚོན་ཚོང་འགྱུར་བྱ་རྒྱུའི་ཐོ་གཞུང་ནང༌། མེ་ཤུགས་འཕུར་མདེལ་དང༌། དམག་གི་ཐེར་འཕུར་གནམ་གྲུ། ཐེ་དབན་གྱི་ ཨེཕ་༡༦ རྟགས་ཅན་གྱི་དམག་གི་གནམ་གྲུའི་ཡོ་ཆས་སོགས་ཡིན་པ་ལས། མཚོ་འོག་དམག་གྲུ་དང༌། དམག་གི་གནམ་གྲུ་གསར་པ་ཡར་ཐོན་ཅན་ཚོང་འགྱུར་བྱ་རྒྱུའི་འཆར་གཞི་མེད་པ་རེད། འོན་ཀྱང་ཉེ་ཆར་ཕྱི་ཟླ་དྲུག་པའི་ནང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་སྲིད་འཛིན་ཨོ་སྦ་མ་ནས་ཐེ་དབན་ལ་དམག་གི་གནམ་གྲུ་ཡར་ཐོན་ཅན་ཚོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད། ཨ་མི་རི་ཀས་ཐེ་དབན་ལ་ ཨེཕ་༡༦་རྟགས་ཅན་གྱི་དམག་གི་གནམ་གྲུ་ཚོང་འགྱུར་གྱི་གནད་དོན་དེ་མི་རིང་བའི་ཟླ་བ་གཉིས་གསུམ་ནང་ཚུད་ལ་ཐག་གཅོད་ཐུབ་རྒྱུའི་སྔོན་དཔགས་གནང་གི་ཡོད་ཀྱང་། སྲིད་འཛིན་ཨོ་སྦ་མས་ཁོང་གིས་སྲིད་འཛིན་ལས་དུས་གཉིས་པ་བསྐྱར་དུ་བཞེངས་ཏེ་རྒྱབ་སྐྱོར་འཚོལ་ཐབས་ཀྱི་ལས་དོན་སྤེལ་བའི་རིང་གོ་མཚོན་ཚོང་འགྱུར་དེ་ནི་གླེང་སློང་གི་གནད་དོན་ཞིག་ཏུ་འགྱུར་རྒྱུའི་འདོད་པ་གནང་གི་མེད་པ་རེད།།