ཨ་མི་རི་ཀའི་གཞུང་འཛིན་གསར་པའི་ངོས་ནས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མེད་ཅེས་གསུངས་པར་བོད་མིའི་སྒྲིག་འཛུགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་དགའ་བསུ་ཞུ་བཞིན་འདུག

ཨ་མི་རི་ཀའི་གཞུང་འཛིན་གསར་པའི་ངོས་ནས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་འབྲེལ་མོལ་བསྐྱར་གསོ་གནང་དགོས་པའི་སྐུལ་མ་དང་། ཨ་མི་རི་ཀའི་གཞུང་གིས་སྔར་མུས་བཞིན་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་ལ་འགྱུར་བ་མེད་སྐོར་བསྐྱར་ནན་གྱིས་གསུངས་པར་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་ནང་གི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཆེ་ཁག་ནས་དགའ་བསུའི་ཐུགས་རྗེ་ཆེ་ཞུས་པ་ཆབས་ཅིག་ཏུ་འབྱུང་འགྱུར་མུ་འཐུད་ནས་རྒྱབ་སྐྱོར་གནང་བའི་རེ་བ་གནང་བཞིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་སྤྱི་ཚེས་༣ ཉིན་སྤེལ་ཀོབ་སེར་སྨད་གྲྭ་ཚང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་སྨར་ཁམས་གཞིས་བྱེས་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ་སྐབས་འདི་ག་རླུང་འཕྲིན་ཁང་ལ་གསུངས་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ནས་དེ་སྔ་གྲོས་ཚོགས་སུ་བོད་དོན་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་གནང་རྒྱུར་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ད་ཆ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུར་འགྱུར་བ་མེད་ཅེས་གསུངས་ཡོད་པས། གང་ལྟར་བོད་དོན་ནི་ཨ་མི་རི་ཀའི་ཁེ་ཕན་དང་འབྲེལ་བ་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བའི་ནང་། ཨ་མི་རི་ཀས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ལ་རྒྱབ་སྐྱོར་དང་། བོད་མི་ཚོའི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱ་རྒྱུ་དང་། ལྷག་པར་ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱིས་རྒྱབ་སྐྱོར་གནང་གི་ཡོད་པ་དང་། ལྷག་པར་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། ཁོང་གི་སྐུ་ཚབ། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་འགོ་ཁྲིད་ཚོ་དང་མཉམ་དུ་སྔོན་འགྲོའི་ཆ་རྐྱེན་མེད་པར་ཐད་ཀར་གྲོས་མོལ་བསྐྱར་མཐུད་ཀྱིས་མི་མཐུན་པའི་གནད་དོན་ཁག་སེལ་ཐབས་དང་། བོད་མི་ཚོར་དོན་དམ་གྱི་རང་སྐྱོང་གི་རྩ་དོན་འཐོབ་ཐབས་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་བྱེད་རྒྱུ་མ་ཟད། ཨ་རིས་རྒྱ་ནག་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གཞན་ཁག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ནང་ཐེ་བྱུས་མཚམས་འཇོག་བྱེད་དགོས་པ་དང་། ཆོས་ལུགས་ཡོངས་ཀྱི་མི་སྒེར་ཚང་མའི་ཆོས་དད་རང་དབང་ལ་གུས་བརྩི་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་བྱེད་རྒྱུ་ཡིན་པ་འཁོད་ཡོད།
སྤྱིར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས། སྤྱི་ཡོངས་ཀྱི་ཆ་ནས་བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་རོགས་དངུལ་མཚམས་འཇོག་བྱས་སྐོར་ཡོངས་གྲགས་གནང་ཡོད་ནའང་། སྤྱི་ཚེས་ ༣ ཉིན་སྲིད་སྐྱོང་མཆོག་གིས་འདི་ག་རླུང་འཕྲིན་ཁང་གི་དྲི་བར་ལན་འདེབས་གནང་སྐབས། སྤྱི་ཡོངས་ཀྱི་ཨ་རིའི་རོགས་དངུལ་མཚམས་ཆད་ཡོད་ནའང་། ཕྱི་སྲིད་ལས་ཁུངས་རང་ནས་གནང་བཞིན་པའི་རོགས་དངུལ་གྱི་ཁོངས་སུ་ཡོད་པ་(PRM) རོགས་དངུལ་མུ་མཐུད་གནང་རྒྱུའི་རེ་བ་ཡོད་པ་གསུངས་ཡོད།
དེ་བཞིན་བཙན་བྱོལ་ནང་གི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཆེ་གྲས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་བརྒྱད་ལགས་ནས། ཨ་རིའི་གཞུངའཛིན་གསར་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་ཡོད་པ་གསུངས་པ་དེར། ཚང་མས་ཐུགས་རྗེ་ཆེ་ཞུ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཉེ་བའི་ཆ་ནས་བོད་མི་ཚོར་དཔལ་འབྱོར་གྱི་རོགས་དངུལ་དང་ཆབ་སྲིད་ཀྱི་རྒྱབ་སྐྱོར་ལ་ངེས་བརྟན་མེད་པར་གྱུར་ཡོད་སྟབས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་མང་ནས་གཞུང་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཀྲོམ་སྲིད་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར་གསུང་དུས། བོད་པ་ཚོས་དགའ་སྤྲོ་སྐྱེ་དགོས་པ་ཞིག་དང་མུ་མཐུད་ཨ་རིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བའི་ཡིད་ཆེས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་། དེ་དང་ཕྱོགས་མཚུངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་ནས་ཀྱང་། གནས་ཚུལ་དེ་གོ་བ་དང་དགའ་ཚོར་ཆེན་པོ་བྱུང་ཞིང་ཨ་མི་རི་ཀས་མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་འདུག
གཞི་རྩའི་ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༠༢ ལོར་བོད་དོན་ལ་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༢༠ ལོར་ཨ་རི་གཞུང་གིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་གཏན་འབེབས་གནང་ཡོད་ལ། སྔ་ལོ་ཕྱི་ལོ་ ༢༠༢༤ ལོར་བོད་རྒྱའི་རྩོད་རྙོག་སེལ་ཐབས་ལ་སྐུལ་དེད་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་སྟེ། ཨ་རི་གཞུང་འབྲེལ་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་བར་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་གྲོས་མོལ་ཡོང་བར་སྐུལ་དེད་བྱ་རྒྱུ་མཚོན་པའི་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་སྐོར་ལོག་བཤད་ལ་ཨ་རིས་གདོང་ལེན་བྱ་རྒྱུ་སོགས་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པ་རེད། །
གསར་འགོད་པ། བློ་བྷེ། ལོ་ཡག་བཀྲིས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།