ཨ་མི་རི་ཀའི་གཞུང་གིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་མ་འོངས་ཡུན་རིང་དོ་འཁུར་བཞེས་རྒྱུའི་མཁས་ལེན་གནང་ཡོད་པ།

དེ་ཡང་རེས་གཟའ་པ་སངས་ཉིན་ཨ་མི་རི་ཀའི་སྲིད་འཛིན་ Biden མཆོག་གིས་ ASEAN ཞེས་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་གི་ཚོགས་ཁོངས་རྒྱལ་ཁབ་ཁག་ནང་ལས་དོན་སྤེལ་ཆེད་མ་གནས་ཨ་མི་རི་ཀའི་ཌོ་ལར་ས་ཡ་ ༡༥༠ མ་འཛུགས་གནང་རྒྱུའི་འཆར་གཞི་དང་ཚོགས་པ་དེའི་ནང་ཨ་མི་རི་ཀའི་གཞུང་ཚབ་པ་གསར་པ་ཞིག་བསྐོ་གཞག་གནང་རྒྱུའི་གསལ་བསྒྲགས་གནང་འདུག དེ་བཞིན་སྲིད་འཛིན་Biden མཆོག་གིས་ཨ་མི་རི་ཀའི་ཕུགས་རེར་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་དེ་རང་དབང་དང་གུ་ཡངས་ལྡན་ལ་བརྟན་ལྷིང་དང་མངའ་ཐང་རྒྱས་པ། ཕུགས་འཕེར་དང་སྲུང་སྐྱོབ་ལྡན་པ་ཞིག་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་འདུག ཡང་ཨ་མི་རི་ཀའི་སྲིད་འཛོན་སྐུ་གཞོན་ལྕམ་ Kamala Harris མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམས་དང་མཇལ་མོལ་གནང་སྐབས་ཨ་མི་རི་ཀའི་རྒྱལ་ཁབ་དེ་བཞིན་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཨ་མི་རི་ཀ་དང་མངའ་ཁུལ་གྱི་འབྲེལ་བ་དེ་མི་ཐོག་མང་པོའི་རིང་མུ་མཐུད་གནས་རྒྱུ་ཡིན་པ་རེད་ཅེས་དང་། ཨ་མི་རི་ཀའི་ངོས་ནས་མངའ་ཁུལ་དེ་སྲུང་སྐྱོབ་ཀྱི་ཐབས་བྱུས་ཐོག་ནས་གནད་འགག་ཆེན་པོ་རྩིས་གནང་གི་ཡོད་པའི་སྐོར་གསུངས་འདུག ཨ་མི་རི་ཀའི་སྲིད་འཛིན་ Biden མཆོག་གི་སྲིད་གཞུང་ནས་རྒྱ་ནག་དང་འགྲན་རྩོད་ཀྱི་སྲིད་བྱུས་དེ་གལ་གནད་ཆེན་པོ་རྩིས་གནང་གི་ཡོད་པའི་སྐོར་གསུངས་ནའང་། ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་རྒྱལ་ཁབ་ཁག་དང་ཚོང་འབྲེལ་ཆེ་ཤོས་དེ་རྒྱ་ནག་དང་མཉམ་ཆགས་ཟིན་ཡོད་པ་མ་ཟད། རྒྱ་ནག་གིས་མངའ་ཁུལ་གྱི་རྒྱལ་ཁབ་ཁག་དང་ས་ཆའི་བདག་དབང་གི་རྩོད་རྙོག་གི་གནད་དོན་དེ་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་ཡོད་པ་རེད། ཡང་འདི་དང་འབྲེལ་སྔ་ལོ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམས་དང་དྲ་རྒྱའི་ཐོག་མཇལ་མོལ་སྐབས་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་ནང་ཏོག་དབྱིབས་ནད་རིམས་འགོག་ཐབས་ཀྱི་ལས་དོན་ཆེད་ལོ་ངོ་གསུམ་གྱི་རིང་མ་གནས་ཨ་མི་རི་ཀའི་ཌོ་ལར་འཐེར་འབུམ་གཅིག་དང་ཕྱེད་ཀའི་རོགས་རམ་བྱ་རྒྱུའི་མཁས་ལེན་བྱས་ཡོད་པ་རེད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། ཪིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག