ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་བཞུགས་སྒར་དུ་ཕེབས་འདུག
2016.01.15
ཨ་མི་རི་ཀ་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་རྡ་རམ་སཱ་ལར་ཕེབས་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ལོ་༢༠༡༦ཟླ་༡ཚེས་༡༥ ཉིན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ས་རཱ་སི་ཝེལ་Sarah Sewallམཆོག རྡ་སའི་ཉེ་འགྲམ་གྱི་ག་གྷ་གལ་གནམ་ཐང་དུ་ཕེབས་འབྱོར་སྐབས། བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་སོགས་ཀྱིས་ལྕམ་སྐུ་མཆོག་སྐུ་འཁོར་དང་བཅས་པར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག
གནས་ཚུལ་ལྟར་ན། ལྕམ་Sarah Sewallམཆོག་ཕྱི་ཚེས་༡༥དང་༡༦བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་ཁུལ་དུ་མཛད་འཆར་ཡོད་པའི་ཁྲོད་༧གོང་ས་མཆོག་མཇལ་ཁ་ཞུ་རྒྱུ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གཙོས་འབྲེལ་ཡོད་མི་སྣ་ཁག་གཅིག དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་བསྟི་གནས་ཁང་བཅས་ལ་འཚམས་གཟིགས་སུ་ཕེབས་ནས་གཟིགས་ཞིབ་གནང་རྒྱུ་ཡིན་པ་རེད།
ཁོང་དང་ལྷན་དུ་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གཅིག་ཀྱང་ཕེབས་ཡོད་པ་དང་། གནས་ཚུལ་ནང་ད་རེས་ཁོང་རྒྱ་གར་དུ་འཚམས་འདྲིར་ཕེབས་དོན་ནི། ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་༡༢་པའི་ནང་། རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་ཤིག་ཨ་རིའི་ནང་འཇུ་བཟུང་བྱས་པའི་དབང་གིས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཞན་དུ་ཕྱིན་པ་དེ་སེལ་ཐབས་གནང་རྒྱུའི་ལས་དོན་གྱི་ཆ་ཤས་ཤིག་ཡིན་པ་བཀོད་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ལས་དོན་ལྷན་ཁང་གི་དྲུང་ཆེས་ཉེ་དུས། རྒྱ་གར་ནང་ཆོས་ལུགས་གྲངས་ཉུང་མི་རིགས་ཐོག་དྲག་ལས་ཀྱི་དོན་རྐྱེན་བྱུང་བའི་གནད་དོན་ལས་འཕྲོས་ཏེ་རྒྱ་གར་གྱི་དབུ་ཁྲིད་ཚོར། ཆོས་དད་རང་དབང་ལ་སྲུང་སྐྱོབ་གནང་གལ་ཆེ་བའི་སྐོར་རེས་གཟའ་ཕུར་བུའི་ཉིན་བསྐུལ་མ་གནང་ཡོད་པ་རེད།
སྔ་ལོ་རྒྱ་གར་ནང་ཁ་ཆེ་བ་ཞིག་གིས་གླང་ཤ་ཟས་པའི་དཀྲོག་རྐྱེན་ལ་བརྟེན་ནས། ཧིན་རྡུ་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་ཅན་གྱི་མི་མང་པོས། ཟིང་རུབ་རྒྱབ་སྟེ་ཁ་ཆེ་བ་དེ་ཉེས་རྡུང་གིས་དམར་བསད་བཏང་བའི་གནས་ཚུལ་དང་། དེ་བཞིན་ཡི་ཤུའི་ལྷ་ཁང་དང་ཡི་ཤུའི་ཆོས་དད་པ་མང་པོར་གཏོར་རྒོལ་དང་ཉེས་རྡུང་བཏང་བ་སོགས་ཀྱི་དོན་རྐྱེན་བསྟུད་མར་བྱུང་ཡོད་པ་རེད། གནད་དོན་དེ་དག་དང་འབྲེལ་ཆགས་ཐོག་ནས་ཁ་ས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེའི་ཕྱག་རོགས་དང་སྤྱི་དམངས་ཀྱི་བདེ་འཇགས་དང་། དམངས་གཙོ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཐུགས་འགན་བཞེས་མཁན་དྲུང་ཆེ། ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་ལྕམ་Sarah Sewallམཆོག་གིས་གོང་གསལ་རྒྱ་གར་ནང་བྱུང་བའི་དོན་རྐྱེན་དེ་དག་ལ་ཨ རི་གཞུང་ནས་ཐུགས་འཚབ་ཆེན་པོ་བཞེས་ཀྱི་ཡོད་པ་དང་། གནད་དོན་དེ་ཚོའི་ཐོག་རྒྱ་གར་གྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་དབུ་ཁྲིད་ཚོས་གདོང་ལེན་གནང་དགོས་ལ་ དེ་ཡང་ངེས་པར་དུ་རྩ་ཁྲིམས་ཐོག་ནས་ཆོས་ལུགས་གྲངས་ཉུང་མི་རིགས་རྣམས་ལ་སྲུང་སྐྱོབ་བྱེད་དགོས་པའི་སྐོར། རྒྱ་གར་རྒྱལ་ས་ལྡི་ལིར་ཧིན་རྡུའི་ལྷ་ཁང་ཞིག་ལ་གཟིགས་ཞིབ་ཏུ་ཕེབས་སྐབས་གསུངས་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།