ཨ་མི་རི་ཀས་རྒྱ་ནག་ལ་དོགས་འདྲི་བྱས་བར་ལན་གསལ་བོ་རྒྱབ་མེད་པ།
2016.04.19
རྒྱ་ནག་གཞུང་གིས་རྕོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ནས་མི་ནད་པ་དམག་མིའི་གནམ་གྲུ་ནས་འོར་འདྲེན་བྱས་པའི་གནད་དོན་ཐད། ཨ་མི་རི་ཀས་རྒྱ་ནག་གཞུང་ལ་དོགས་འདྲི་བྱས་ཡོད་ཀྱང་ལན་འདེབས་གསལ་ཁ་གང་ཡང་བྱས་མེད་པ་རེད།
རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གནམ་ཐང་དང་དེ་མིན་གྱི་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་བཞིན་པར་ཨ་མི་རི་ཀ་དང་མཚོ་གླིང་བདག་དབང་ཐད་རྩོད་མཁན་གྱི་ཡུལ་གྲུ་ཚོས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ནད་པ་འོར་འདྲེན་བྱ་རྒྱུར་ཞི་བའི་ལས་དོན་གྱི་གནམ་གྲུ་བེད་སྤྱོད་མ་བྱས་པར། མཁའ་དམག་གནམ་གྲུ་བེད་སྤྱོད་བྱེད་དགོས་གང་ཡིན་ཐད་ཨ་རིའི་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཀེཔ་ཌེན་ཇེཕྷ་ཌེ་ཝེསི་ཡིས་དོགས་འདྲི་གནང་པ་ཞིག་སི་ཨན་ཨན་CNNགསར་འགྱུར་ལས་ཁང་གི་ལུང་འདྲེན་བྱས་འདུག།
རྒྱ་ནག་བདེ་སྲུང་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། དམག་མིའི་ལས་དོན་གལ་ཆེ་ཤོས་ཤིག་ནི་མི་སེར་ཚོར་ཁ་ཞེ་གཉིས་མེད་ཀྱི་ཕན་ཐོགས་བྱ་རྒྱུ་དེ་ཡིན་པ་རེད་ཅེས་དང་། འོན་ཀྱང་ཨ་མི་རི་ཀས་མི་སེར་གྱི་དགོས་ཁོའི་ཆེད་དམག་དོན་ནམ་ཞི་བའི་ལས་དོན་གྱི་གནམ་གྲུ་བཏང་སྟེ་ཕན་རོགས་བྱེད་དགོས་མིན་དོགས་པ་བྱེད་བཞིན་ཡོད་པ་རེད་བཀོད་པའི་ལན་འདེབས་ཤིག་བྱས་པ་དང་སྦྲགས། ད་དུང་གསལ་བསྒྲགས་དེའི་ནང་། རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་Spratly་ཁུལ་གྱི་མཚོ་གླིང་ཁག་གི་ཐོག་རྩོད་མེད་ཀྱི་བདག་དབང་ཡོད་པར་བརྟེན། ཨ་མི་རི་ཀར་མཚོ་གླིང་དེའི་ནང་རྒྱ་ནག་གི་ངོས་ནས་འཛུགས་བསྐྲུན་ཇི་བྱས་སོགས་ཀྱི་ཐད་སྐད་ཆ་ཤོད་རྒྱུའི་ཐོབ་ཐང་གང་ཡང་ཡོད་པ་མ་རེད་ཅེས་བརྗོད་འདུག།
རྒྱ་ནག་གཞུང་གིས་Fiery Cross་མཚོ་གླིང་ཁུལ་མི་ཊར་གསུམ་སྟོང་ཙམ་གྱི་གནམ་གྲུའི་བབས་ཐང་ཞིག་བཟོས་ཡོད་ཅིང་། འདི་ནི་འདས་པའི་ལོ་གཅིག་གི་ནང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གནམ་གྲུའི་བབས་ཐང་གསུམ་རྒྱབ་བཞིན་པ་ནས་གཅིག་ཡིན་ཞིང་། འདི་ལོ་ཕྱི་ཟླ་དང་པོ་ནས་བཟུང་ཞི་བའི་ལས་དོན་གྱི་གནམ་གྲུ་བབས་འོང་བྱེད་འགོ་བཙུགས་ཡོད་ན་ཡང་། གཟའ་ཉི་མའི་ཉིན་ཁུལ་དེར་རྒྱ་ནག་གིས་དམག་མིའི་གནམ་གྲུ་བབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།