ཨ་རིའི་སྲིད་འཛིན་ནས་རྒྱ་ནག་ཏུ་བོད་དོན་གླེང་དགོས་པའི་གྲོས་འཆར།
2017.11.02
༄༅། །ཨ་རིའི་སྲིད་འཛིན་Donald Trump {ཊོ་ནམ་ཊམ་}རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ཕེབས་ཉེར་མཚམས་ལ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་ཅིག་གིས་ཁོང་ལ་རྒྱ་ནག་དང་བཀའ་མོལ་གནང་སྐབས་བོད་དོན་གླེང་སློང་གནང་དགོས་པའི་གྲོས་འཆར་བཏོན་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདི་གའི་རླུང་འཕྲིན་ཁང་དུ་སྤྱི་ཚེས་༢་ཉིན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཨ་རིའི་སྲིད་འཛིན་ཊོ་ནམ་ཊམ་བདུན་ཕྲག་རྗེས་མའི་ནང་རྒྱ་ནག་ཐེ་བའི་ཨེ་ཤ་ཡའི་རྒྱལ་ཁབ་ལྔར་རྒྱལ་དོན་འཚམས་གཟིགས་སུ་མ་ཕེབས་སྔོན་སྟེ་སྤྱི་ཟླ་༡༡་ཚེས་༡་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཐོག་གྲོས་ཚོགས་འོག་མའི་འཐུས་མི་ཁག་ཅིག་གིས་གྲོས་འཆར་ཞིག་བཏོན་གནང་འདུག
དེ་ཡང་གྲོས་འཆར་དེའི་ནང་ཨ་རིའི་ཊམ་སྲིད་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་ལ་རྒྱབ་སྐྱོར་ཡོད་པའི་ཐོག་རྒྱ་ནག་དང་འབྲེལ་བ་གནང་སྐབས་བོད་མིའི་གནད་དོན་དེ་གལ་ཆེ་དོན་ཆེར་བརྩི་དགོས་པ་མ་ཟད། དེ་སྔ་སྤྱི་ལོ་༢༠༠༢་ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཀྱི་སྲིད་བྱུས་ཞེས་པ་གཏན་འབེབས་གནང་པའི་འབྲུ་དོན་ལྟར་མུ་མཐུད་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཞུས་འདུག ཡང་གྲོས་འཆར་དེའི་ནང་ཨ་རིའི་ཊམ་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་༧གོང་ས་ཏྰ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་དགོས་པའི་སྐུལ་མ་གནང་དགོས་པ་དང་བོད་རིགས་གཙོས་པའི་ཨ་རིའི་མི་སེར་ཚོ་བོད་ནང་རང་དབང་ཐོག་ནས་འགྲོ་བསྐྱོད་བྱེད་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག གྲོས་འཆར་ནང་མུ་མཐུད་དུ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་ངོ་བཅུའི་གོང་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་འབུལ་ལམ་ཞུས་པའི་སྐོར་དྲན་གསོ་དང་སྤྲགས འདས་པའི་ལོ་ངོ་བཅུའི་དེའི་རིང་ལ་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་ཤུགས་ཆེན་སྤེལ་བཞིན་ཡོད་པ་གཙོ་བོ་གཅིག་ནི། བོད་མི་དང་ཨ་རིའི་མི་སེར་ཚོར་བོད་ནང་འགྲོ་བསྐྱོད་ལ་བཀག་བསྡོམས་དང་། གཉིས་ནི་བོད་ནང་གི་ཆོས་དད་རང་དབང་ལ་དམ་བསྒྲགས། གསུམ་ནི་གསེར་རྟ་བླ་རུང་སྒར་གཙོས་པའི་ནང་པའི་ལྟེ་གནས་ཁག་གཏོར་བཤིག། བཞི་ནི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མུ་མཐུད་དུ་འཇུ་བཟུང་བཀག་ཉར་སོགས་ཀྱི་ཐོག་ནས་མཚོན་གྱི་ཡོད་ལ། དེ་བཞིན་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་པའི་སྐོར་བརྗོད་འདུག གྲོས་འཆར་འདོན་མཁན་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ནི་གྲོས་ཚོགས་འོག་མའི་འཐུས་མི་IIeana Ros-Lehtinen དང་། Eliot Engel Ted Yoho དེ་བཞིན་Brad Sherman བཅས་ཡིན་འདུག གོང་ཞུས་དེ་འདྲའི་འབོད་སྐུལ་ཞིག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཀྱང་ཆོས་དད་རང་དབང་དང་འབྲེལ་བའི་ཐོག་ནས་Trump སྲིད་གཞུང་ལ་རེ་སྐུལ་ཞུས་ཡོད་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད།