ཨ་རིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་ཟེར།
2016.06.20

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་རྣམ་གཉིས། རེས་གཟའ་ལྷག་པའི་ཉིན་མཇལ་འཕྲད་གྲོས་མོལ་གནང་ནས་ཉིན་གྲངས་་བཞིའི་རྗེས་སུ། འདི་ཚེས་༡༨་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་John Kerry་ལ་ཞལ་པར་བཏང་ནས་བོད་ཀྱི་གནད་དོན་སྐོར་གླེང་སློང་བྱས་ཡོད་པ་རེད།
གནས་ཚུལ་ལྟར་ན། རྒྱ་ནག་གི་གསར་ལམ་ཁག་ཏུ་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས། ཨ་མི་རི་ཀས་བོད་ཀྱི་གནད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མེད་པའི་སྐོར་་ བཀའ་གནང་བ་ལུང་འདྲེན་བྱས་བ་ཙམ་ལས། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁང་ནས་དམིགས་བསལ་གྱི་གཏམ་བཤད་གནང་བའི་གནས་ཚུལ་ཕྱི་བསྒྲགས་གནང་མེད་ཅིང་། ཨ་མི་རི་ཀ་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ཐོག་ཞི་བའི་གྲོས་མོལ་བརྒྱུད་ནས་ཐག་ཆོད་ཡོང་བ་ལ་རྒྱབ་སྐྱོར་གྱི་སྲིད་བྱུས་ཤིག་མུ་མཐུད་ནས་འཛིན་བཞིན་པ་རེད།
དེ་བཞིན་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གིས་བོད་ལ་འཛིན་བཞིན་པའི་སྲིད་ཇུས་ལངས་ཕྱོགས་གསལ་སྟོན་གནང་ཡོད་པ་རེད།
ཉེ་སྔོན་རྒྱ་ནག་གིས་ཨ་མི་རི་ཀ་གཞུང་ལ་སྔ་ཕྱིར་༧གོང་ས་མཆོག་དང་མཇལ་འཕྲད་གནང་མི་ཆོག་པ་གནོན་ཤུགས་སྤྲོད་ཐབས་དང་། ཉེན་བརྡ། མཇལ་འཕྲད་རྗེས་སྐྱོན་བརྗོད་བཅས་ཡང་ཡང་བྱས་ཡོད་ཀྱང་། འདི་ཚེས་༡༥་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཁུལ་དུ་ཕེབས་སྐབས། ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་༧གོང་ས་མཆོག་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་གདན་ཞུ་གནང་ནས་མཇལ་འཕྲད་གནང་ཡོད་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།