ཨ་རིས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དམག་དཔུང་གི་མིང་བསྒྱུར་བྱས་འདུག
2018.05.31
ཨ་རིའི་དམག་གི་ངོས་ནས་ད་རེས་གཟའ་ལྷག་པའི་ཉིན་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དམག་དཔུང་གི་མིང་ཨ་རིའི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་དམག་དཔུང་ཞེས་པར་མིང་བསྒྱུར་བྱས་ཡོད་པ་དང་། འདི་ནི་ཨ་རིའི་(Pentagon)དམག་དོན་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གྱི་གནས་བབས་གལ་གནད་ཆེ་བའི་གནད་དོན་ཞིག་ཏུ་བརྩི་བཞིན་ཡིན་པའི་མཚོན་རྟགས་ཤིག་ཡིན་པ་ཨ་རིའི་ངོས་ནས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
སྤྱི་ཟླ་༥པའི་ཚེས་༣༡ཉིན་རོ་ཡི་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལ་གཞིགས་ན། ཨ་རིའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཁྱབ་ཁོངས་ཀྱི་དམག་གི་ཁོངས་སུ་ཨ་རིའི་དཔུང་དམག་དང་ཞི་བའི་ལས་བྱེད་སོགས་ཁྱོན་བསྡོམས་འབུམ་གསུམ་དང་བདུན་ཁྲི་ལྔ་སྟོང་ཡོད་པ་དེ་དག་ནི་རྒྱ་གར་ཐེ་བའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཁྱོན་ཡོངས་སུ་དམག་དོན་གྱི་འགན་འཁྲིའི་ཆེད་དུ་འགྲེམས་འཇོག་བྱས་ཡོད་པ་དང༌། ཞི་བདེ་རྒྱ་མཚོ་དང་རྒྱ་གར་གྱི་རྒྱ་མཚོའི་རྒྱུད་ཀྱི་མཐུན་ཚོགས་རྒྱལ་ཁབ་ཚོའི་དབར་དུ་འབྲེལ་ལམ་དམ་ཟབ་བྱེད་རྒྱུ་དེ་ནི་གཉན་འཕྲང་གི་དུས་སྐབས་སུ་ས་ཁུལ་གྱི་བརྟན་ལྷིང་གི་ཆེད་དུ་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དེ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད་པའི་སྐོར་ཨ་རིའི་བདེ་སྲུང་དྲུང་ཆེ་སྐུ་ཞབས་(Jim Mattis)མཆོག་གིས་འགྲེལ་བརྗོད་གནང་འདུག
ཡང་ཁོང་གིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་བར་ལ་འབྲེལ་མཐུད་བྱེད་རྒྱུ་དེ་གལ་གནད་ཆེན་པོ་ཞིག་ཡིན་པ་དེ་ལ་ངོས་འཛིན་གྱི་ཐོག་ནས་ད་ནས་ང་ཚོས་ཨ་རིའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་གི་དཔུང་སྡེའི་མིང་དེ་ཨ་རིའི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་དམག་གི་དཔུང་སྡེ་ཞེས་མིང་བསྒྱུར་གནང་པ་ཞིག་ཡིན་སྐོར་ཨ་རིའི་བདེ་སྲུང་དྲུང་ཆེ་(Mattis)མཆོག་གིས་ད་རེས་ཨ་རིའི་ཞི་བདེ་རྒྱ་མཚོའི་དམག་གི་དཔུང་སྡེའི་དམག་སྤྱི་(Harry Harris)ལགས་ཀྱི་ས་ནས་དམག་སྤྱི་གསར་པ་(Philip Davidson)ལགས་ཀྱིས་ལས་འཁུར་དབུ་འཛུགས་ཀྱི་མཛད་སྒོའི་སྐབས་སུ་འགྲེལ་བརྗོད་གནང་ཡོད་པ་དང་། དེ་སྔའི་དམག་སྤྱི་(Harry Harris)ལགས་ཨ་རིའི་སྲིད་འཛིན་སྐུ་ཞབས་(Donald Trump)མཆོག་གིས་ཨ་རིའི་ལྷོ་ཀོ་རི་ཡའི་གཞུང་ཚབ་ཏུ་བསྐོ་བཞག་གི་ཆེད་དུ་འདེམས་སྒྲུག་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།
གསར་འགོད་པ་ཚེ་དབང་ནོར་བུ།