ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དམར་གསོད་ཀྱི་དྲུག་བཞི་དོན་རྐྱེན་དེ་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་གསུངས་འདུག

2022.06.04
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དམར་གསོད་ཀྱི་དྲུག་བཞི་དོན་རྐྱེན་དེ་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་གསུངས་འདུག ཕྱི་ལོ ༡༩༨༩ ཟླ ༦པའི་ཚེས ༢ཉིན། རྒྱ་ནག་སློབ་ཕྲུག་ཚོས་དྲུག་བཞིའི་དམངས་གཙོའི་ལས་འགུལ་སྤེལ་བཞིན་པའི་འདྲ་པར།
ཨེ་ཨེཕ་པི།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷིལན་ཀེན་མཆོག་གིས་གཟའ་པ་སངས་ཕྱི་ཚེས་༣ཉིན། མི་ལོ་༣༣ཡར་སྔོན་དུ་རྒྱ་ནག་ནང་དམངས་གཙོ་དང་རང་དབང་ཆེད་ངོ་རྒོལ་ཁྲོམ་སྐོར་བྱས་མཁན་གྱི་སློབ་ཕྲུག་ཚོར་གུས་འདུད་དྲན་གསོ་དང་སྙིང་སྟོབས་ལྡན་པའི་གང་ཟག་དེ་དག་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་གསུངས་འདུག
དེ་ཡང་ཁོང་གིས་ཕྱིར་བསྒྲགས་ཤིག་སྤེལ་བའི་ནང་ཧོང་ཀོང་ནང་དམངས་གཙོ་དང་རང་དབང་རྩོད་ལེན་བྱེད་པའི་འཐབ་རྩོད་མུ་མཐུད་ནས་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་། ཡིན་ན་ཡང་ད་ཆ་༡༩༨༩་ལོའི་ཟླ་དྲུག་པའི་ཚེས་༤ཉིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དམར་གསོད་ཆེན་པོ་བཏང་ནས་མི་ལོ་༣༣འཁོར་བའི་རྗེས་དྲན་ཉིན་མོ་དེ་ཡང་ཧོང་ཀོང་ན་བཀག་སྡོམ་བྱས་ཡོད། ང་ཚོས་མུ་མཐུད་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་དང་། ཤིན་ཀྱང་། བོད་བཅས་སུ་འགྲོ་བ་མའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་གྱི་འབོད་སྒྲ་སྒྲོག་སྟེ་རྒྱ་ནག་གི་བྱ་སྤྱོད་ལ་འགན་འཁྲི་བདའ་འདེད་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག
ཡང་ཁོང་གིས་རང་དབང་དང་དྲང་བདེན་ལ་དགའ་ཞེན་ཅན་གྱི་རྒྱ་ནག་གི་མི་དམངས་ཚོར་ཞུ་རྒྱུར་ང་ཚོས་དྲུག་བཞི་དོན་རྐྱེན་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་གསུངས་འདུག

ཡང་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་སྐབས་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་འགན་འཁྱེར་དགོས་པའི་དུས་ལ་བབས་ཡོད་ལུགས་གསུངས་འདུག གོང་ཞུས་ཚོགས་པའི་ཉམས་ཞིབ་པ་YaqiuWangཡིས། གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་དྲན་གསོའི་ཆེད་དུས་ཚིགས་སྲུང་བརྩི་ཞུས་པར། རྒྱ་གཞུང་དང་ཧོང་ཀོང་སྲིད་གཞུང་གིས་དེ་སྔོན་དམངས་གཙོ་དོན་གཉེར་བ་ཁག་གཅིག་ལ་འཛིན་བཟུང་དང་ཉེས་ཆད་བཀལ་ཡོད་ཀྱང་། ལོ་རྒྱུས་ཐོག་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་བཀོད་བྱུས་འོག་དྲག་གནོན་ཇི་ལྟར་བྱས་ཀྱང་། དེས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་དེ་བཞིན་མི་མང་གི་སེམས་ནང་ནས་རྩ་བ་ནས་བརྗེད་ཐབས་མེད་པ་ཞིག་རེད་ཅེས་དགོངས་ཚུལ་བཏོན་གནང་ཡོད་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གཟའ་ཕུར་བུ་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་སྔ་ས་ནས་ལོ་རབས་བརྒྱད་ཅུ་པའི་ལོ་མཇུག་ཏུ་བྱུང་བའི་ཆབ་སྲིད་ཀྱི་དོན་རྐྱེན་དེའི་སྐོར་བསྡོམ་ཚིག་གཙང་བ་ཞིག་ཞུས་ཚར་བ་རེད་ཅེས་གཞུང་འབྲེལ་གྱི་ལམ་ཕྱོགས་དེ་བསྐྱར་བཟློས་བྱས་འདུག
ཨ་རིའི་ནང་གནས་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་ Teng Biao ཡིས་དུས་དྲན་འདི་བཞིན་དྲན་གསོ་བྱེད་པ་ཡིན་ན་དེ་ནི་གདོང་ལེན་གྱི་རྣམ་པ་ཞིག་ཆགས་ཀྱི་ཡོད་རེད། གལ་སྲིད་དྲན་གསོ་མ་བྱེད་པ་ཡིན་ན་རིམ་པས་བརྗེད་འགྲོ་གི་རེད་ལ་དེར་གཞིགས་པས་དྲག་གནོན་བྱེད་མཁན་ཚོའི་ནུས་པ་ཤུགས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་རེད་ཅེས་རོའི་ཀྲར་གསར་ལས་ཁང་ལ་དགོངས་ཚུལ་གསུངས་འདུག

རྒྱ་ནག་ནང་༡༩༨༩ལོའི་གནམ་སྡེ་སྒོ་མོའི་ཆེའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པའི་དུས་དྲན་དེ་མི་དམངས་འདུ་འཛོམས་གྱིས་ཐོག་ནས་བྱེད་ཆོག་གི་མེད་པ་དང་། དེ་བཞིན་ཧོ་ཀོང་ནང་ལོ་གཉིས་ཙམ་གོང་ནས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་བསྟར་བྱས་པ་དེས་གནམ་སྡེ་སྒོ་མོའི་དྲན་གསོའི་བྱེད་སྒོ་གསང་བ་ངང་ནས་མ་གཏོགས་བྱ་ཐབས་མེད་པ་གྱུར་ཡོད།
ཧོ་ཀོང་ནང་དྲུག་བཞི་དོན་རྐྱེན་གྱི་དུས་དྲན་ཞུ་ཡུལ་གྱི་སྤྱི་གླིང་ནང་སྐོར་སྲུང་དམག་མི་འགྲེམས་འཇོག་བྱེད་ནས་དམ་དྲག་ཤུགས་ཆེ་བྱས་པ་མ་ཟད། དུས་དྲན་སྲུང་བརྩི་བྱེད་མི་ཆོག་པའི་བཀོད་ཁྱབ་ནན་པོ་བཏང་ཡོད་ཅིང་གཞུང་གི་ཆོག་མཆན་མེད་པ་མི་དམངས་འདུ་འཛོམས་བྱེད་ཚེ་འཛིན་བཟུང་གིས་ཁྲིམས་ཐག་ལོ་༥ཙམ་གཅོད་རྒྱུའི་ཉེན་བརྡ་བཏང་འདུག

རྒྱལ་སྤྱིའི་ཐོག་རྒྱ་ནག་གིས་དྲུག་བཞི་དོན་རྐྱེན་གྱི་དྲག་གནོན་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་དྲན་གསོ་ཞུ་བ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གོ་བསྒྲིགས་ཀྱིས་གྲོང་ཁྱེར་༢༠ནང་མར་མེ་མཆོད་འབུལ་གྱིས་དྲང་བདེན་ལ་རྒྱབ་སྐྱོར་ལས་འགུལ་སྤེལ་གྱི་ཡོད་པ་རེད།

དྲུག་བཞིའི་རྒྱབ་ལྗོངས།
རྒྱ་ནག་གི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་དེ་ཐོག་མར་ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་བཞི་པའི་ཚེས་ ༡༥ ཉིན། དམར་ཤོག་ཚོགས་པའི་དྲུང་ཆེ་ཧོ་ཡོ་སྦང་འདས་གྲོངས་སུ་གྱུར་བར་ཡུལ་ནང་བཅོས་བསྒྱུར་དེ་ནར་འགྱངས་དང་གཞུང་ནང་ལྐོག་བཟའ་རུལ་སུངས་དང་དབུལ་ཕྱུག་བར་ཁྱད་པར་ཆེན་པོ་ཡོད་པ་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་ཤུགས་རྐྱེན་འཐེབ་ཡོད་པ་རེད་འདུག ༡༩༨༩ ལོའི་ཕྱི་ཟླ་བཞི་པའི་ཚེས་ ༡༧ ཉིན་རྒྱ་ནག་གི་སློབ་ཕྲུག་ཚོས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་འགོ་འཛུགས་བྱེད་སྐབས་སློབ་ཕྲུག་གྲངས་ཆིག་ཁྲི་སྐོར་ཞིག་འདུ་འཛོམས་བྱུང་ཡོད་པ་རེད་འདུག དེ་རྗེས་ཉིན་བསྟུན་མར་ངོ་རྒོལ་བྱེད་ནས་མི་དམངས་ཀྱང་མཉམ་ཞུགས་དང་མཐར་ སློབ་ཕྲུག་གྲངས་ལྔ་ཁྲི་སྐོར་ཞིག་གིས་གཞུང་ཕྱོགས་ནས་ཉེན་བརྡ་བཏང་མིན་ལ་མ་ལྟོས་པར་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་འདུ་འཛོམས་བྱུང་བ་དང་། ཁོང་ཚོར་རྒྱབ་སྐྱོར་བྱེད་མཁན་མི་མང་ས་ཡ་གཅིག་སྐོར་ཞིག་བྱུང་ཡོད་པ་རེད་འདུག ཡིན་ནའང་ཕྱི་ཟླ་དྲུག་པའི་ཚེས་ ༤ ཉིན་གྱི་ཞོག་པ་ཐོ་རེངས་ཐོག་རྒྱ་ནག་གི་དྲག་པོའི་དཔུང་དམག་གིས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་འདུ་འཛོམས་བྱུང་བའི་སློབ་ཕྲུག་རྣམས་ལ་དྲག་གནོན་བྱེད་རྒྱུ་འགོ་འཛུགས་བྱས་ནས་མཐར་ཆུ་ཚོད་འགའ་ཤས་ཀྱི་རྗེས་མི་གྲངས་སྟོང་ཕྲག་མང་པོའི་ཚེ་སྲོག་ལེན་ནས་སློབ་ཕྲུག་གི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེ་གཞོལ་འཇགས་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་གྱིས་འཆི་སྐྱོན་གྱི་གྲངས་ཀ་༢༠༠ལྷག་ཙམ་བགྲང་བཞིན་ཡོད་ཀྱང་གཞན་ཁག་གིས་བརྒྱ་ཕྲག་འགའ་ཤས་ནས་ཁྲི་གཅིག་བར་རྐྱེན་ལམ་དུ་ཕྱིན་པ་ཚོད་དཔག་གནང་གི་ཡོད་པ་རེད།།
གསར་འགོད་པ། དབྱངས་སྒྲོན་དང་རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎